འདམ་གཞུང་གི་རྒྱན་གོས།

2018-11-26
0

 

   ལས་ལ་བརྩོན་ཞིང་དཔའ་དང་བློ་གྲོས་ཀྱིས་རབ་ཏུ་ཕྱུག་པའི་བོད་པ་རྣམས་ནི་གླུ་དང་གར་བྲོའི་རྩལ་དང་རྩེད་འཇོར་མཉེས་ཤིང་། རིན་ཐང་གཞལ་དུ་བྲལ་བའི་ནོར་བུ་དང་རྒྱན་ཆའི་རིགས་ཀྱིས་རང་ལུས་ཡོངས་སུ་བཀླུབས་ནས་མཛེས་པ་ཀུན་ལ་ངོམ་པའི་ཐུན་མིན་གྱི་སྲོལ་དང་ལྡན་པའི་མི་རིགས་ཤིག་རེད། བོད་རིགས་ས་ཁུལ་དུ་གནས་སའི་ཡུལ་བབ་མི་འདྲ་བའི་དབང་གིས་དེ་གའི་གྱོན་གོས་དང་རྒྱན་ཆས་ལའང་རང་རང་གི་ཡུལ་གྱི་ཁྱད་ཆོས་མི་འདྲ་བ་མང་པོ་ཡོད།

  སྐྱེས་པའི་རྒྱན་གོས།

  འདམ་གཞུང་ཁུལ་གྱི་སྐྱེས་པ་རྣམས་ཀྱི་སྐྲ་ལྕང་ལོ་ལྷས་པའི་སྣེ་མོར་སི་ཤན་གྱི་སྐྲ་གཞུག་དམར་པོ་ཞིག་བསྒར་ཡོད། ལྕང་ལོར་བ་སོའི་ཤ་ཀྲད་དང་། དངུལ་གྱི་ཚིགས་ཁེབས་རྟ་སྒའི་གཟུགས་གཡུ་བྱུར་གྱི་ཁྲ་ཅན་ཆེན་པོ་འགའ་ཞིག་བརྒྱུས་ཏེ་ལྕང་ལོ་མགོ་བོར་དཀྲིས། འོག་འཇུག་དང་། ཕྱུ་པའི་ཕུ་ཐུང་ཆེན་པོ་ཞིག་བྱེད། ལྷམ་ཕལ་ཆེར་རྡོག་གཅིག་མ་སྣམ་བུའི་ཡུ་བ་ཅན་ཞིག་གྱོན། གོས་ཀྱི་གཤམ་སྣེ་པུས་མོའི་གོང་ཙམ་བར་བསྡོགས་ནས་རྒྱབ་ཏུ་རྐུབ་སུས་བསྡུས། འོག་འཇུག་ཕལ་ཆེར་འབུ་རས་དཀར་པོ་ཞེ་ཅིག་གྱོན། སྐེད་འཆིང་གི་མདུན་ངོས་གློ་གཡས་ལ་མེ་ལྕགས་དང་། རྒྱབ་ངོས་གློ་གཡོན་ལ་གྲི་བཏགས། མཐེ་བོང་གཡོན་པར་བ་སོའི་ཤ་ཀྲད་གྱོན། དུས་རྒྱུན་དབྱར་དུས་ཕྱིང་ཞྭ་དང་། དགུན་དུས་ཝ་ཞྭ། དབྱར་དུས་ཚར་ཚགས་དང་། དགུན་དུས་པགས་ཆེན་གྱི་སློག་པ་གླ་སྤགས་གྱི་རྒྱབ་ཤ་ཅན་དང་གོང་བ་དང་། ཕུ་རྩེ་སོགས་ལ་མཐའ་རྒྱན་སྤུ་མ་ནག་པོ་བཏང་བ་ཞིག་གྱོན་ལ། གཟབ་མཆོར་སྤྲོས་སྐབས་གོས་ཆེན་གྱི་ཚར་ཚགས་སམ། ལྷད་ཁེའི་སློག་པར་སྲམ་ལྤགས་ཀྱི་རྒྱན་མཐོ་གང་ལྷག་ཙམ་བྱས་པ་དང་། འབུ་རས་དང་དཀར་པོའི་དོར་མ་ཆེན་པོ་ལྷམ་ཡུའི་སྟེང་སླེབས་པའི་ལྷུག་ལྷུག་ཞིག་གྱོན། གློ་འདོག་མེ་ལྕགས་སོགས་ཀྱང་དངུལ་ལ་ཚ་གསེར་དང་། གཡུ་བྱུར་གྱི་ཕྲ་ལྡན་ཅན་བཏགས་པ་སོགས་བྱེད།

     བུད་མེད་ཀྱི་རྒྱན་གོས།

  བུད་མེད་ཚོའི་གྱོན་ཆས་གཟབ་མཆོར་ནི་དགུན་དུས་ཞྭ་མོ་སྒོ་ཁྲ་ཅན་ལ་ཚ་རུའི་ནང་ལྡན་འགོ་སྣམ་དམར་ལྗང་གིས་བཏུམས་པར་རྒྱ་སེའི་རྐེ་འཆིང་ཅན་གྲུ་ལེབ་ལྤགས་ཚགས་ཀྱི་ཕུ་ཐུང་འདྲ་བའི་བཟོ་ཞིག་ལ་ཞྭ་ལག་ཉིས་ལྡན་རྒྱབ་ཏུ་ཚ་རུའི་ཞྭ་ལག་ཅན་ཞིག་དང་།གོས་གྱོན་སློག་པ་གླ་ལྤགས་ཀྱི་རྒྱབ་ཤ་འགོ་སྣམ་དམར་ལྗང་ནག་གསུམ་ཐོག་རྒྱ་སེ་བཅས་ཁྲ་དགུ་ལྡན། གོང་པ་དང་། ཕུར་རྩེ་སོགས་ལ་སྲམ་རྒྱན་ཆེ་བ་ཕུ་ཐུང་དཀྱིལ་མཚམས་ནས་སློག་པའི་ཕྲན་བུའི་མཐོང་བ་ཡོད་འདུག སྐེད་ཆིངས་སྟེང་དངུལ་གྱི་ཕྱ་མ་འབུར་ཚག་གམ། འཇམ་སང་གང་རུང་རྒྱག་སྲོལ་འདུག སྤང་གདན་རྟ་སོ་ཞེས་འཇའ་རིས་མཚམས་སུ་མེ་ཏོག་དམར་ཁྲ་རིས་ལྡན་དང་། གཡུང་ལགཁྱི་སྣ་བཅས་ཀྱི་ཐོག་གཤམ་དུ་ཁ་འཛར་ཅན་བཅིངས། དབྱར་དུས་གོས་ཆེན་སོགས་ཀྱི་རྒྱབ་ཤ་ལྡན་པ་ཚར་ཚགས་དང་། ཕྱིང་ཞྭ་གྱོན།དབྱར་དགུན་གང་དུའང་སྐེད་ཆིངས་ཀྱི་རྒྱབ་ཏུ་གློ་གྲི་ཆུང་ཆུང་དང་། སྦ་ཁུག་ཁབ་ཤུབ་ཅེས་ཀོ་ཤུབ་སྟེང་དངུལ་གྱི་ཚག་དངུལ་གྱི་པ་ཏྲ་དང་ཨེ་ཕྲུག་སོགས་ཡོད་པའི་ཆབ་ཆབ་གཉིས་ལྡན། སྐྲ་ལ་ལན་བུའི་སྟེང་དངུལ་གྱི་འབོར་དང་། གཡུ་བྱུར་སོགས་ཀྱིས་བརྒྱན་པ་བཅས་ཀྱི་རྒྱན་ཆ་སྤྲས་ཀྱི་ཡོད།

  ཡངས་ཅན་ཁུལ་དུ་བུད་མེད་ཚོས་དཔྲལ་བའི་སྟེང་དུ་རྩེ་འགོ་སྣམ་མམ་སྣམ་བུ་དམར་པོའི་སྟེང་བྱུ་རུ་ཆུང་ཆུང་མང་པོ་མཐའ་ནས་སྐོར་བའི་དཀྱིལ་དུ་གཡུ་ཡོད་པའི་སྒོར་སྒོར་ཞིག་འདོགས་སྲོལ་འདུག

 

 

  

  • 顶 0