རྨ་ཆེན་སྤོམ་ཞྭ།

2018-11-13
0

 

   བོད་མདོ་སྨད་པ་ཕལ་ཆེ་བས་གྱོན་སྲོལ་ཡོད་པའི་ཕྱིང་དཀར་གྱི་ཞྭ་མོ་རྩེ་རིང་ཏོག་ཅན་ལ་ཚར་ལོ་དམར་པོས་བརྒྱན་པ་འདི་ཨ་མྱེས་རྨ་ཆེན་སྤོམ་རའི་དབུ་ཞྭ་ཡིན་པའི་ཤོད་སྲོལ་ཡོད་དོ།།

  ངོ་སྤྲོད།

  ཞྭ་འདི་ནི་བོད་མདོ་སྨད་ཡུལ་གྱི་མི་ཕལ་ཆེ་བས་གྱོན་པ་ཡིན། དེ་ཡང་བོད་མི་རྒན་རབས་པ་ཚོའི་ངག་རྒྱུན་དུ་སྟོད་ཀྱི་གངས་དཀར་ཏི་སེ་དང་། བར་གྱི་གཉན་ཆེན་ཐང་ལྷ། སྨད་ཀྱི་རྨ་ཆེན་སྤོམ་ར་གསུམ་ལྷ་སྤུན་ཡིན་ཞེས་བཤད་སྲོལ་ཡོད། ཨ་མྱེས་རྨ་ཆེན་ནི་བོད་མདོ་སྨད་ཀྱི་ས་སྒོ་མང་ཆེ་བའི་ཡུལ་ལྷ་གཙོ་བོ་ཡིན་ཞིང་། ཁོང་གིས་ཕྱིང་དཀར་གྱི་དབུ་ཞྭ་ཚར་ལོ་དམར་པོས་བརྒྱན་པ་མནབས་སྲོལ་ཡོད་པས་དེའི་ལྷ་འབངས་སུ་གཏོགས་པའི་ཡུལ་མི་ཚོས་ཀྱང་ཞྭ་དེ་གྱོན་རྒྱུར་དར་སྲོལ་ཆེན་པོ་ཡོད། ཡུལ་མི་ཚོའི་ཞྭ་རྩེ་ལ་རྒྱུན་དུ་ཚར་ལོ་ཡོད་མེད་སྣ་ཚོགས་ཤིག་ཡོད་ནའང་། ས་ཕྱོགས་གཞན་དང་། ལྷག་པར་དུ་བོད་ཀྱི་ཡུལ་དབུས་ཕྱོགས་སུ་གནས་མཇལ་ལ་འགྲོ་མཁན་ཞིག་ཡིན་ཕྱིན། ཞྭ་རྩེར་ཚར་ལོ་དམར་པོ་ངེས་པར་བརྒྱན་དགོས། དེ་ལྟར་བྱས་ན་རང་ཉིད་ཐོན་པ་ནས་ཚུར་མ་འཁོར་བར་ཨ་མྱེས་རྨ་ཆེན་གྱིས་འགེགས་བར་སྣ་ཚོགས་ལས་སྲུང་ཐུབ་ཅེས་ཤོད་སྲོལ་ཡོད། དབུས་ཕྱོགས་སུ་གནས་མཇལ་འགྲོ་མཁན་རྣམས་ཨ་མྱེས་རྨ་ཆེན་གྱིས་གཉན་ཆེན་ཐང་ལྷའི་བར་སྐྱེལ་མ་གནང་བ་དང་། དེ་ནས་གཉན་ཆེན་ཐང་ལྷར་ཁོང་ཚོ་རྩིས་སྤྲོད་གནང་སྟེ། ཞྭ་རྩེར་ཚར་ལོ་དམར་པོས་བརྒྱན་པ་ཐམས་ཅད་ཡུལ་མདོ་ཁམས་ཀྱི་མི་ཡིན་པས་ཁོང་ཚོར་རྐྱེན་ངན་བར་ཆད་མེད་པར་ཕྱིར་རྩིས་དགོས་ལུགས་བརྗོད་དེ་ཁོང་ཉིད་ཕྱིར་ཕེབས་ཀྱི་ཡོད་ཚུལ་དང་། ས་མཚམས་དེར་ཁོང་ཚོས་ཨ་མྱེས་རྨ་ཆེན་ལ་གྱེས་ཕྱག་འབུལ་བ་དང་། གཉན་ཆེན་ཐང་ལྷར་བསང་མཆོད་རྒྱ་ཆེན་བྱེད་སྲོལ་ཡོད་ལ་གཉན་ཆེན་ཐང་ལྷས་ཀྱང་ཁོང་ཚོར་རྐྱེན་ངན་བར་ཆད་མི་འབྱུང་བའི་སྲུང་སྐྱོབས་གནང་གི་ཡོད་པ་བཅས། མདོར་ན་བོད་མདོ་སྨད་པ་ཕལ་ཆེ་བས་གྱོན་སྲོལ་ཡོད་པའི་ཕྱིང་དཀར་གྱི་ཞྭ་མོ་རྩེ་རིང་ཏོག་ཅན་ལ་ཚར་ལོ་དམར་པོས་བརྒྱན་པ་འདི་ཨ་མྱེས་རྨ་ཆེན་སྤོམ་རའི་དབུ་ཞྭ་ཡིན་པའི་ཤོད་སྲོལ་ཡོད་དོ།།

  • 顶 0