སྨར་གདན།

2018-11-13
0

 

   བོད་ཀྱི་བུ་མོའི་རྒྱན་ཆའི་རྣམ་གྲངས་ཤིག་ཡིན་ལ། དེའི་ཁྱབ་ཡུལ་ནི་བྲག་དཀར་རྫོང་གི་འབྲོག་ཁུལ་སོ་སོར་ཁྱབ་ཡོད་པར་མ་ཟད། མཚོ་སྔོན་པོ་གཡས་རུ་གཡོན་རུའི་འབྲོག་སྡེ་སོ་སོ་དང་རྨ་ཕར་རུ་ཚུར་རུའི་འབྲོག་སྡེ་སོགས་སུང་ཁྱབ་ཡོད་པདང་རོང་ཁུ་ཁ་ཤས་ནའང་སྨར་གདན་དང་ཆ་འདྲ་བ་ཡོད་པ་རེད།

   ངོ་སྤྲོད།

  བོད་ཀྱི་བུ་མོའི་རྒྱན་ཆའི་རྣམ་གྲངས་ཤིག་ཡིན་ལ། དེའི་ཁྱབ་ཡུལ་ནི་བྲག་དཀར་རྫོང་གི་འབྲོག་ཁུལ་སོ་སོར་ཁྱབ་ཡོད་པར་མ་ཟད། མཚོ་སྔོན་པོ་གཡས་རུ་གཡོན་རུའི་འབྲོག་སྡེ་སོ་སོ་དང་རྨ་ཕར་རུ་ཚུར་རུའི་འབྲོག་སྡེ་སོགས་སུང་ཁྱབ་ཡོད་པདང་རོང་ཁུ་ཁ་ཤས་ནའང་སྨར་གདན་དང་ཆ་འདྲ་བ་ཡོད་པ་རེད། སྤྱིར་སྟོད་ཀྱི་མངའ་རིས་སྐོར་གསུམ། བར་གྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག་བཅས་ལ་ཐུན་མོང་མ་ཡིན་པའི་བོད་པ་རང་གི་རྒྱན་གོས་ཕུན་སུམ་ཚོགས་པ་ཞིག་ཡོད་མོད། འོན་ཀྱང་། ལུང་བ་རེ་ལ་ཆུ་མིག་རེ། ས་ཆ་རེ་ལ་ལུགས་སྲོལ་རེ། སྡེ་བ་རེ་ལ་བཤད་ལུགས་རེ། ཁྱིམ་ཚང་རེ་ལ་འགྲོ་ལུགས་རེ་ཟེར་བ་ལྟར། སྨར་གདན་གཅིག་པུ་ལའང་ས་ཆ་རེ་རེའི་ལུགས་ལྟར་བཟོ་སྲོལ་དང་མིང་དུ་མ་ཞིག་ཡོད་དེ། དཔེར་ན། རོང་ཕྱོགས་ནས་སྐྲ་ལོང་ཟེར་བ་དང་ཀན་ལྷོ་ཀླུ་ཆུ་དང་བསང་ཆུའི་མཛོད་དགེ་ཕྱོགས་ཀྱི་འབྲོག་སྡེ་སོ་སོས་དེའི་མིང་ལ་ཅོ་ཏོ་དང་། ད་དུང་སི་ཁྲོན་རྔ་བ་ཁུལ་མཛོད་དགེ་འི་འབྲོག་ཕྱོགས་ནས་མིང་ལ་རལ་བ་དང་། མཚོ་ལྷོ་འབའ་རྫོང་ས་ཆའི་འབྲོག་པས་རལ་ཆུང་དང་རོལ་བས་སྐྲ་ལུང་སོགས་སུ་ཁུལ་རེ་རེའི་ངོས་འཛིན་སྟངས་ཀྱི་ཐད་ནས་མིང་རེ་བཏགས་ཡོད། ཡིན་ནའང་། ཡིག་ངོས་འགའ་ཤས་སུ་སྨར་གདན་ལ། དམར་གདན་དང་དམར་ལྡེམ་ཞེས་བྲིས་འདུག་ཅིང་། བྲག་དཀར་རྫོང་སྔགས་ས་ཚོ་བའི་ཁ་སྐད་ལྟར་ན་དམར་ལྡན་ཟེར་བ་ལས་སྨར་དང་དམར་ལྡེམ་ཞེས་མི་ཟེར།

    སྨར་གདན་གྱི་བྱུང་ཚུལ།

  སྔོན་གྱི་བོད་ཀྱི་ལོ་རྒྱུས་ཡིག་ཙང་ཕལ་མོ་ཆེ་ནི་དམ་པའི་ཆོས་ཀྱི་བྱུང་འཕེལ་གཙོ་བོར་བཟུང་སྟེ། ཐོ་འགོད་བྱས་པ་ལས་རང་མི་རིགས་ཀྱི་རྒྱན་གོས་བྱུང་རིམ་ཆ་ཚང་བྲིས་ཡོད་པའི་དམངས་སྲོལ་ལོ་རྒྱུས་ཧ་ཅང་དཀོན་པས། བོད་མིའི་རྒྱན་གོས་ཀྱི་བྱུང་བ་དང་མཚོན་དོན་སོགས་ལོ་རྒྱུས་ཁུངས་བཙུན་དག་ལ་གཏུག་རྒྱུ་དེ་བས་ཀྱང་དཀའ་མོ་རེད། ང་ཚོའི་བོད་དུ་དམངས་སྲོལ་ཞིབ་འཇུག་ལས་སྒོ་སྤེལ་མཁན་ནི་ཕལ་ཆེར་མཁས་དབང་དགེ་འདུན་ཆོས་འཕེལ་ནས་ངོས་འཛིན་གྱི་ཡོད་མོད། བོད་མི་རིགས་འདི་ལའང་མི་རིགས་གཞན་དང་འདྲ་བར་སྡོད་གནས་དང་། ཡུལ་སྲོལ་གོམས་གཤིས། རྒྱན་གོས་ཆ་ལུགས། རིག་གནས་འཚོ་བ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་པར་གསལ་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མིའི་བསམ་བློའི་འདུ་ཤེས་འཛིན་སྟངས་མི་འདྲ་བའི་དབང་གིས་རིམ་བཞིན་འགྱུར་ཏེ། འཐུས་སྒོ་ཇེ་ཚང་དང་། ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས་ལ་ཡང་ན་ཉམས་རྒུད་དུ་འགྲོ་བའང་སྨོས་མེད་ཡིན།

    རིགས་དབྱེ།

  དེའི་ཕྱིར་མཚོ་ལྷོ་ཁུལ་གྱི་བུ་མོའི་སྨར་གདན་གྱི་བྱུང་ཚུལ་ཐད་ལ་ཡང་བཤད་ཚུལ་རིགས་གཉིས་མཆིས་ཏེ། གཅིག་ནི་ཟོ་གདན་དང་། ཅིག་ཤོས་ནི་འཐབ་ཆས་ཀྱི་འཕེལ་འགྱུར་རོ། །

   ཟོ་གདན་ལས་བྱུང་བར་འདོད་ཚུལ།

  འབྲོག་ཁུལ་གྱི་བུ་མོ་ཚོས་སྔོན་ཆད་ཆུ་ལེན་སྐབས་ཆུ་སྣོད་ཟོ་བ་ཡིན་ཞིང་ཟོ་བའི་ནང་དུ་ཆུ་བཅུས་ཏེ་འཁུར་སྲོལ་ཡོད་པ་དང་། ཟོ་བ་དང་རྒྱབ་གཉིས་ཀྱི་བར་དུ་ཟོ་གདན་ཞེས་རྒྱུ་ཕྱིང་བ་ལས་གྲུབ་པ་ཞིག་བཞག་ནས་འཁུར་སྲོལ་ཡོད་ལ། དེ་ལྟར་ཁུར་ན་རྒྱབ་ལ་བདེ་ཞིང་ལུས་པོར་མི་གནོད་པ་དང། རྗེས་སོར་རང་རང་གི་འཛོམས་ཚོད་ཀྱིས་དེ་ལའང་གཙགས་དྲུབས་སྣ་ཚོགས་བྱས་ཤིང་། རིམ་བཞིན་དུས་ཀྱི་འཕེལ་འགྱུར་གྱི་དབང་གིས་སྔར་གྱི་ཟོ་གདན་དེ་དེང་སྐབས་ང་ཚོའི་རྒྱན་ཆར་སྤྱོད་བཞིན་པའི་སྨར་གདན་དུ་གྱུར་བ་ཡིན་ཟེར་རོ། །

    འཐབ་ཆས་ལས་བྱུང་བར་འདོད་ཚུལ།

  སྔོན་གྱི་དུས་རབས་ནམ་ཞིག་ཡིན་པར་གསལ་ཁ་མེད་ནའང་། ཐོག་མའི་དུས་ནས་བོད་མི་རིགས་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་ལས་རིམ་བཞིན་འཕེལ་ཏེ། ཚོ་བ་དང་ཚོ་བ་བྱས་ནས་ཁ་ཐོར་དགུ་ཐོར་གྱི་ངང་ནས་ཡུལ་ལུང་སོ་སོར་བཀྲམ་ཡོད་པར་བཤད་ལ། དེ་བཞིན་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་གྱི་དབང་གིས་ཚོ་ཁག་སོ་སོའི་བར་དུའང་མི་མཐུན་པའི་རྐྱེན་སྣ་ཚོགས་བྱུང་ཞིང་། རྐྱེན་དེ་དག་ལ་བརྟེན་ནས་ཕན་ཚུན་བར་མི་གསོད་རེས་དང་ཇག་བཅའ་རེས་བྱས་ཏེ། རང་རང་གི་ཁ་གསོ་བྱེད་དུ་ཚོ་བའི་གཡང་ར་བ་སྒོ་བཞི་རྣམས་འཕྲོག་པའི་སྲོལ་ངན་ཞིག་རིམ་བཞིན་དར་ཁྱབ་ཏུ་སོང་ཕྱིར། མདའ་གྲི་མདུང་གསུམ་སོགས་ཀྱི་དྲག་ཆས་དར། དེ་བཞིན་འཐབ་ཆས་སོགས་ཀྱང་འཚོ་བའི་ཆུ་ཚད་དང་བསྟུན་ནས་འཇུག་བྱེད་ཀྱི་སྣོད་རེ་བཟོས་ཤིང་མིང་ལ་མདའ་ཤུབས་དང་གཞུ་ཤུབས་སོགས་ཟེར། དེ་དག་གི་ལོང་བུའམ་འདོགས་ཐག་ལ་སག་ཐག་ཟེར་ཞིང་སྤྱི་ཚོགས་འཕེལ་འགྱུར་གྱི་དབང་གིས་ཚང་མ་རྒྱན་ཆར་གྱུར་པ་ཡིན་ཞེས་མེས་པོའི་ངག་རྒྱུན་དུ་གྲགས།

  • 顶 0