སྲོག་ཆགས། མཉམ་སྤྱོད།

2020-10-19
0

སྲོག་ཆགས་རིགས་དབྱེ་ཆེད་མཁས་པས་སྲོག་ཆགས་ཀྱི་རྣམ་པ་དང་ཁྱད་ཆོས་སྣ་ཚོགས་པ་གཞིར་བཟུང་ནས་རིགས་བཀར་བ་ཡིན་ལ། སྲོག་ཆགས་རྣམས་རིམ་བཞིན་རིམ་པ་གཙོ་གྲས་བདུན་དུ་བཀར་བ་སྟེ། མཚམས་དང་སྒོ། སྤྱི་དོན། ནང་ཚན། ཚན་ཁག ཁོངས་གཏོགས། རིགས་བཅས་ཡིན།

        འགྱུར་རྡོའི་ཞིབ་འཇུག་གཞིར་བཟུང་ན། སའི་གོ་ལའི་སྟེང་ཆེས་ཐོག་མར་བྱུང་བའི་སྲོག་ཆགས་གང་དེ་རྒྱ་མཚོ་ལས་བྱུང་བ་ཡིན་པ་དང་། དུས་སྔ་མའི་རྒྱ་མཚོའི་སྲོག་ཆགས་ནི་དུས་ཡུན་རིང་བོའི་ས་གཤིས་དུས་སྐབས་བརྒྱུད་པ་ནས། རིམ་བཞིན་ཡན་ལག་སོ་སོ་རུ་འགྱུར་བ་བྱུང་བ་དང་། དུས་སྔ་མའི་སའི་གོ་ལའི་ཚེ་སྲོག་གི་རྣམ་པ་ཕུན་སུམ་ཚོགས་པ་རུ་བཏང་ཡོད་ཅིང་། མིའི་རིགས་མ་བྱུང་བའི་ཡར་སྔོན་དུ། བསྐལ་བ་སྔོན་མའི་སྲོག་ཆགས་བྱུང་བ་ཡིན་པར་མ་ཟད། རང་སོ་སོའི་བྱ་འགུལ་དུས་སྐབས་ནང་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རྗེས་སུ་དེ་ཚོ་འགྱུར་ལྡོག་ཤིན་ཏུ་ཆེ་བའི་འཚོ་གནས་ཀྱི་ཁོར་ཡུག་ཁྲོད་བསྟུད་མར་རྩ་མེད་དུ་སོང་བ་ཡིན་མོད།   འོན་ཀྱང་སའི་གོ་ལའི་སྟེང་གི་སྲོག་ཆགས་ནི་དམའ་རིམ་ནས་མཐོ་རིམ་དང་། སྟབས་བདེ་ནས་རྙོག་འཛིང་གི་འཕེལ་ཕྱོགས་ཁྲོད་རྒྱུན་ཆད་མེད་པར་འཕེལ་འགྱུར་བྱུང་བ་དང་ད་ལྟའི་བར་དུ་རྒྱུད་སྤེལ་བ་ཡིན།          

         སྲོག་ཆགས་ནི་རྣམ་པར་ཤེས་པ་དང་ལྡན་པའི་དངོས་པོ་ཞིག་ལ་ཟེར་ཞིང་། སྲོག་དང་རྣམ་ཤེས་གཉིས་འབྲེལ་བ་དམ་པོ་ཡོད་ཅིང༌། རྣམ་པར་ཤེས་པ་དང་མི་ལྡན་པའི་དངོས་པོ་རྩི་ཤིང་མེ་ཏོག་སོགས་སྐྱེ་ལྡན་གྱི་དངོས་པོ་ཡིན་ཀྱང་སྲོག་ཆགས་མིན་པས་དེ་ཚོ་ལ་ཚོར་བ་གང་ཡང་མེད། སངས་རྒྱས་ཆོས་གཞུང་གི་མངོན་པ་མཛོད་དང་འདུལ་བའི་ནང་གསུངས་པ་ལྟར་ན་སྲོག་ཟེར་བ་ནི་དྲོད་དང་རྣམ་པར་ཤེས་གཉིས་ཀྱི་རྟེན་གཞི་ཡིན་པ་དང་དེ་གཉིས་གནས་པར་བྱེད་ཐུབ་པའི་སྲོག་འཛིན་གྱི་རླུང་དེ་སྙིང་གར་གནས་པ་དང༌། དེ་དང་ལྟེ་བར་གནས་པའི་མེ་རླུང་གཉིས་ཁ་སྤྲོད་བྱས་ཏེ་རླུང་བཟུང་ཐུབ་ན་མི་དེ་ཚེ་རིང་པོར་སྡོད་ཐུབ་པ་དང༌། སྲོག་ཆད་པ་ཟེར་བ་ནི། རྣམ་པར་ཤེས་པ་གཉིས་བར་གྱི་འབྲེལ་བ་ཆད་ན་རྣམ་ཤེས་དང་ལུས་པོའི་འབྲེལ་བ་ཆད་འགྲོ་བས།དེ་ནས་རྣམ་པར་པ་དེ་སླར་ཡང་སྐྱེ་བ་ཕྱི་མར་སྐྱེ་བ་ལེན་གྱི་ཡོད་ཅིང༌། དེ་སྐབས་ཀྱི་ལུས་ཕུང་གསར་པ་དང༌། རྣམ་ཤེས་གཉིས་ཀྱི་བར་འབྲེལ་བ་མཚམས་སྦྱོར་བྱེད་མཁན་ནི་སྲོག་འཛིན་གྱི་རླུང་ཕྲ་མོ་ཞིག་ཡོད་པ་དེས་འབྲེལ་མཐུད་བྱེད་ཀྱི་ཡོད་པའི་དབང་གིས་རིམ་བཞིན་དབང་པོ་ལྔ་འགྲུབ་བྱེད་ཀྱི་རླུང་དང༌། སེམས་རགས་པ་གཞན་དག་སྐྱེ་བར་བྱེད་ཀྱི་ཡོད་ཟེར། དེང་སང་གི་ཚན་རིག་མཁས་པ་རྣམས་ཀྱིས་སྲོག་ཡོད་ན་རྣམ་ཤེས་ཡོད་མི་དགོས་ཤིང༌། སྐྱེ་འཕེལ་གྱི་ནུས་པ་ཡོད་པའི་དངོས་པོ་ཚང་མར་སྲོག་ཡོད་པ་མ་ཟད། སྲོག་མེད་པའི་དངོས་པོ་ལས་སྲོག་ཡོད་པའི་དངོས་པོ་མང་པོ་བྱུང་བ་དཔེར་ན། འཇིག་རྟེན་ཐོག་མར་ཆགས་སྐབས་རྒྱ་མཚོའི་ནང་གི་སྲོག་ཆགས་ཀྱི་ཐོག་མ་ལོ་མའི་དབྱིབས་ཅན་དེ་ཡང་སྲོག་མེད་པའི་དངོས་པོ་ནས་རིམ་འགྱུར་བྱུང་བ་ཡིན་པར་ཁས་ལེན། 

         ཚན་རིག་པ་རྣམས་ཀྱིས་ད་ཡོད་ཀྱི་མིའི་རིགས་ཀྱིས་ཤེས་རྟོགས་བྱུང་ཟིན་པའི་སྲོག་ཆགས་རྣམས་ནི་སྒལ་རུས་ཅན་གྱི་སྲོག་ཆགས་དང་སྒལ་རུས་མེད་པའི་སྲོག་ཆགས་ཏེ་རིགས་ཆེན་པོ་གཉིས་སུ་བཀར་ཡོད།

         ཚན་རིག་པ་རྣམས་ཀྱིས་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་རིགས46900ལྷག་གསལ་འབྱེད་བྱས་ཟིན་པ་དང་། དེའི་ནང་དུ་ཉ་ལི་ཡུས་དང་ཉ་སེར་སོགས་ཉའི་རིགས་ཀྱི་སྲོག་ཆགས་དང་། སྦྲུལ་དང་རྩངས་པ་སོགས་ནུར་འགྲོའི་རིགས་ཀྱི་སྲོག་ཆགས། སྦལ་པ་དང་ཉ་ཁྱེའུ་སོགས་མཚོ་དང་སྐམ་ས་གཉིས་ཆར་འཚོ་བའི་རིགས་ཀྱི་སྲོག་ཆགས། ཡང་འདབ་ཆགས་ཀྱི་རིགས་དང་འོ་གསོའི་རིགས་ཀྱི་སྲོག་ཆགས་སོགས་ཡོད། གཞན་ད་དུང་ཚན་རིག་པ་རྣམས་ཀྱིས་སྒལ་རུས་མེད་པའི་སྲོག་ཆགས་ཀྱི་རིགས1300000ལྷག་གསར་རྙེད་བྱུང་ལ། སྲོག་ཆགས་དེ་དག་གི་ཁྲོད་ཀྱི་མང་ཆེ་བ་ནི་འབུ་སྲིན་རིགས་ཡིན་པ་དང་། འབུ་སྲིན་རིགས་ལས་ཀྱང་མང་ཆེ་བ་ནི་སྦུར་བ་ཡིན། དེ་ཡང་ས་འབུ་ནག་རིང་དང་ཐིག་ཕོར་དབྱིབས་ཀྱི་ཉ། ཉ་སོག   སྡོམ། རྒྱུ་སྲིན། བྱུ་རུའི་འབུ། འཕྲོ་འབུ། འབུ་ཐོང་བ། ཆུ་རྩངས། སྣབས་འབུ་སོགས་ནི་སྒལ་རུས་མེད་པའི་སྲོག་ཆགས་ཀྱི་ཁོངས་སུ་གཏོགས།


        ཚན་རིག་པ་ཚོས་སྲོག་ཆགས་ཉིད་དམའ་རིམ་ནས་མཐོ་རིམ་ལྟར་ཨང་རིམ་བསྒྲིགས་ཏེ། གདོད་སྐྱེས་སྲོག་ཆགས་ཀྱི་རིས་དང་། མཚོ་བལ་སྲོག་ཆགས་ཀྱི་རིས། ལུས་ཁོག་རྒྱུ་མའི་སྲོག་ཆགས་ཀྱི་རིས། ལེབ་གཟུགས་སྲོག་ཆགས་ཀྱི་རིས། སྐུད་གཟུགས་སྲོག་ཆགས་ཀྱི་རིས། སྒོར་ཚིགས་སྲོག་ཆགས་ཀྱི་རིས། ལུས་མཉེན་སྲོག་ཆགས་ཀྱི་རིས། སུག་ཚིགས་སྲོག་ཆགས་ཀྱི་རིས། ཚེར་པགས་སྲོག་ཆགས་ཀྱི་རིས། སྒལ་ཐག་སྲོག་ཆགས་ཀྱི་རིས་སོགས་རིས་ཚན35དབྱེ་ཡོད། སྤྱིར་བཏང་སྒལ་ཚིགས་མེད་པའི་སྲོག་ཆགས་ཀྱི་རིགས་ལ་དམའ་རིམ་སྲོག་ཆགས་ཟེར་བ་དང་། སྒལ་ཚིགས་སྲོག་ཆགས་ཀྱི་རིགས་ལ་མཐོ་རིམ་སྲོག་ཆགས་ཟེར། ལུས་དྲོད་འཛིན་ཚུལ་ལྟར་དབྱེ་ན་དྲོད་བརྟན་སྲོག་ཆགས་དང་དྲོད་འགྱུར་སྲོག་ཆགས་རིགས་གཉིས་ཡོད། དྲོད་བརྟན་སྲོག་ཆགས་ལ་ཁྲག་ཚ་སྲོག་ཆགས་ཡང་ཟེར་བ་འདབ་ཆགས་ཀྱི་རིགས་དང་འོ་འཐུང་སྲོག་ཆགས་ཀྱི་རིགས་ལ་གོ དྲོད་འགྱུར་སྲོག་ཆགས་ལ་ཁྲག་གྲང་སྲོག་ཆགས་ཡང་ཟེར་བ་འདབ་ཆགས་ཀྱི་རིགས་དང་འོ་འཐུང་སྲོག་ཆགས་ཀྱི་རིགས་མ་ཐེ་བའི་སྲོག་ཆགས་གཞན་དག་ཚང་མར་གོ དྲོད་བརྟན་སྲོག་ཆགས་ཀྱི་ཁོར་ཡུག་ལ་འཕྲོད་པའི་ནུས་པ་ནི་དྲོད་འགྱུར་སྲོག་ཆགས་ལས་བརྒལ་ཡོད་པས། དྲོད་བརྟན་སྲོག་ཆགས་ཀྱི་དངོས་རིགས་ཉིད་དྲོད་འགྱུར་སྲོག་ཆགས་ལས་ཁྱབ་ཆེ་བ་རེད། མིའི་རིགས་ཀྱང་སྲོག་ཆགས་རྒྱལ་ཁམས་ཀྱི་གྲུབ་ཆ་ཡིན་པ་དེ་སྒལ་ཐག་སྲོག་ཆགས་རིས་ཀྱི་འོ་འཐུང་སྡེའི་རིག་ལྡན་ཁག་གི་མིའི་ཚན་ལ་གཏོགས།

       མི་དང་སྲོག་ཆགས་གཞན་དག་བར་ལ་འབྲེལ་བ་དམ་པོ་ཡོད་དེ། མིའི་རིགས་ཀྱི་ཉིན་རྒྱུན་གྱི་འཚོ་བ་སྲོག་ཆགས་དང་ཁ་འབྲལ་ཐབས་མེད་ཅེས་ཟེར་ཆོག དཔེར་ན་སྒོ་ཕྱུགས་ལས་ཤ་མར་དང་བལ་པགས་ལ་སོགས་འཚོ་བའི་ཉེར་མཁོ་དངོས་རྫས་དང་། དེ་དག་གིས་ཞིང་རྨོད་པ་དངོས་ཟོག་དབོར་འདྲེན་བྱེད་པའི་གྲོགས་བྱེད་པ་ལྟ་བུ། སྲོག་ཆགས་ཀྱིས་རང་བྱུང་ཁམས་ཀྱི་སྐྱེ་ཁམས་དོ་མཉམ་ཡོང་རྒྱུར་ཡང་བྱེད་ལས་གལ་ཆེན་པོ་ཐོན་གྱི་ཡོད། དེ་མིན་མིའི་རིགས་ལ་གནོད་འཚེ་ལྡན་པའི་སྲོག་ཆགས་ཡང་ཡོད་པ་དཔེར་ན་དམའ་རིམ་སྲོག་ཆགས་ལ་ལ་ནི་མི་དང་སྲོག་ཆགས་གཞན་དག་གི་གཞན་བརྟེན་འབུ་རིགས་ཡིན་པ་དང་དེ་དག་གིས་མིའི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་གི་ཡོད།

       སྲོག་ཆགས་དང་རྩི་ཤིང་གཉིས་ཀ་སྨར་སྙིང་སྐྱེ་དངོས་ཀྱི་ཁོངས་ཡིན་ལ། གཉིས་ཀར་སྨར་སྙིང་སྐྱེ་དངོས་ཀྱི་ཁྱད་ཆོས་ལྡན་མོད་ཀྱི་ཁྱད་པར་ཡང་ཡོད་པ་རེད། དམའ་རིམ་སྲོག་ཆགས་དང་མཐོ་རིམ་སྲོག་ཆགས་གང་ཡིན་རུང་དུས་དང་རྣམ་པ་ཀུན་ཏུ་རྒྱུག་པ་དང་། མཆོང་བ་། གོག་པ། འཕུར་བ། རྐྱལ་བ་སོགས་རྒྱུ་འགུལ་གྱི་རྣམ་པར་གནས་ཡོད། སྲོག་ཆགས་རྒྱུ་འགུལ་བྱེད་པའི་རྒྱུ་མཚན་ནི་དེ་དག་ལ་མཁོ་བའི་འཚོ་བཅུད་མང་ཆེ་བ་ལུས་ཕུང་ནང་དུ་སྦྱོར་བཟོ་བྱེད་མི་ཐུབ་པར་ངེས་པར་དུ་ཕྱི་རོལ་ཡུལ་ནས་ལེན་དགོས་པ་དང་། ངེས་པར་དུ་སྐྱེ་དངོས་གཞན་དག་དང་སྐྱེ་བཅས་དངོས་རྫས་ཟོས་པ་ཡིན་ན་ད་གཟོད་འཚོ་གནས་བྱེད་ཐུབ་པས་ཡིན། སྲོག་ཆགས་དང་རྩི་ཤིང་གཉིས་བར་གྱི་ཁྱད་པར་ཆེ་ཤོས་ནི་འཚོ་བཅུད་ལེན་སྟངས་ཡིན་པ་སྟེ། རྩི་ཤིང་གིས་རང་གསོའི་ཐབས་ཤེས་སྤྱོད་པ་དང་སྲོག་ཆགས་ཀྱིས་གཞན་གསོའི་ཐབས་ཤེས་སྤྱོད་པ་རེད། སྲོག་ཆགས་ཀྱི་ལུས་ཕུང་ནང་དུ་ཕྲ་ཕུང་སྡེབས་ངོས་དང་ལོ་ལྗང་རྒྱུ་མེད་ཀྱང་སྟབས་བདེ་ཅན་ནམ་ཞིབ་རྒྱས་ཅན་གྱི་ཟས་འཇུ་བ་དང་། ཟས་བཅུད་ལེན་པ། དབུགས་འབྱིན་རྔུབ་བྱེད་པ། རྫས་འཁོར་རྒྱུག་བྱེད་པ། སྙིགས་མ་འབུད་པ། ཚོར་བ་འབྱུང་བ། རྒྱུ་འགུལ་བྱེད་པ། རིགས་རྒྱུད་སྤེལ་བ་བཅས་ཀྱི་མ་ལག་ཅིག་ཡོད། ཤ་གཟན་སྲོག་ཆགས་ཀྱིས་གཟན་འཚོལ་བ་དང་། རིག་པ། འདེད་པ། འཛིན་པ། གསོད་པ་ལ་སོགས་རྒྱུ་འགུལ་བསྟར་མ་བྱས་རྗེས་ཟས་ཀྱི་ལོངས་སྤྱོད་ཅིག་རག་གི་ཡོད། རྩྭ་གཟན་སྲོག་ཆགས་ཀྱིས་ཟས་ཀྱི་དོན་དུ་གང་སར་འགུལ་སྐྱོད་བྱེད་དགོས་པས་མི་ཚད་ཤ་གཟན་སྲོག་ཆགས་ཀྱི་ཁ་ལས་ཐར་བའི་ཆེད་དུ་ཡང་འགུལ་སྐྱོད་བྱེད་དགོས་པ་རེད་ལ། ལར་མཐོང་སྣང་དུ་རྒྱུ་འགུལ་མི་བྱེད་པའི་བརྟན་པོའི་འཚོ་བའི་མཚོ་ཉི་མ་མེ་ཏོག་ལ་སོགས་སྲོག་ཆགས་རྣམས་ཀྱིས་ཀྱང་དོན་དམ་དུ་དུས་ཀུན་ཏུ་གཟན་གྱི་དོན་དུ་སྤུ་གཟུགས་ཀྱི་དབང་རྭས་ལག་སྙོབ་བྱེད་བཞིན་ཡོད། དེའི་ཐོག་ནས་སྲོག་ཆགས་མང་ཆེ་བར་འགུལ་སྐྱོད་བྱེད་པའི་གཞི་རྩའི་གྲུབ་ཚུལ་ལྡན་ཡོད་པ་རྟོགས་ཐུབ་ལ་དེ་ནི་ཤ་གནད་དང་དབང་རྩ་ཡིན།

        མཐོ་རིམ་སྲོག་ཆགས་ལ་ཤ་གནད་དང་དབང་རྩ་ལས་གཞན་ད་དུང་མིག་སྣ་རྣ་སོགས་ཚོར་བའི་དབང་པོ་དང་། ཀླད་པ་དང་རུས་སྒྲོམ་སོགས་ཀྱི་གྲུབ་ཚུལ་ལྡན་ཡོད། གནད་དེའི་ཐོག་ནས་བལྟས་ན་རྩི་ཤིང་ནི་སྲོག་ཆགས་ལ་རིང་ནས་མི་དོ་བ་རེད། རྩི་ཤིང་དང་སྲོག་ཆགས་གཉིས་ནི་ཕན་ཚུན་གྲོགས་སུ་བརྟེན་ནས་འཚོ་གནས་བྱེད་པ་སྟེ། སྲོག་ཆགས་ཡོད་ཚད་རྩི་ཤིང་ལ་བརྟེན་ནས་འཚོ་དགོས་ཀྱི་ཡོད་པ་དང་། རྩི་ཤིང་ནི་སྐྱེ་དངོས་ཕྲ་རབ་རུལ་སུངས་སུ་གྱུར་པ་དང་སྲོག་ཆགས་དང་རྩི་ཤིང་གི་བེམ་རོ་དབྱེ་ཕྲལ་བྱས་པ་ལས་སའི་ནང་དུ་སིམ་པའི་འཚོ་བཅུད་བསྡུ་ལེན་དང་བེད་སྤྱོད་བྱས་ཏེ་འཚོ་བ་རེད།

       སངས་རྒྱས་ཆོས་ལུགས་པ་དང་ཚན་རིག་སྨྲ་བ་རྣམས་ཀྱི་བར་འགལ་བ་ཐུག་ས་གཙོ་བོ་གཅིག་ནི། སྐྱེ་བ་སྔ་ཕྱི་ཡོད་མེད་ལ་ཐུག་ཅིང༌། དེ་ཡང་སྲོག་ཟེར་བ་གང་ལ་ངོས་འཛིན་གྱི་ཡོད་མེད་ལ་ཐུག་ཡོད། ཨེན་ཀེ་སིས། མིའི་རིགས་ཀྱི་ཚེ་སྲོག་ལྟ་ཚུལ་གྱི་གྲུབ་འབྲས་ཡོངས་རྫོགས་ཕྱོགས་བསྡོམས་གནང་སྟེ། ཚེ་སྲོག་ནི་སྤྲི་དཀར་ཕུང་པོ་རའི་གནས་སྟངས་ཤིག་ཡིན་པ་དང༌། ཕུང་པོ་དེ་རྒྱུན་མི་ཆད་པར་རྙིང་ཚབ་གསར་བརྗེས་བྱེད་པའི་གོ་རིམ་ནང་གནས་ཐུབ། རྙིང་ཕུང་གསར་ཐོན་གྱི་འཕེལ་རྒྱས་དེ་མཚམས་ནམ་ཆད་པ་ན་སྲོག་དེ་ཆད་ནས་སྲོག་ཆགས་དེ་ཤི་འགྲོ་གི་རེད་ཅེས་གསལ་བཤད་གནང་བ་རེད། དེ་འདྲའི་སྤྲིན་དཀར་ཕུང་པོ་དེ་ནི་སྤྲི་དཀར་དང་ཧོ་སོན་ཟེར་བའི་ཧྥུན་ཙི་ཆེན་པོ་རིགས་གཉིས་ལས་གྲུབ་པ་དང༌། རྙིང་ཚབ་གསར་བརྗེས་ཀྱི་གོ་རིམ་ནང་གི་འཕོ་འགྱུར་ཚང་མ་ཧྥུན་ཙི་ཆེན་པོ་དེ་གཉིས་ཀྱིས་ཕན་ཚུན་ནུས་པ་ཐོན་པ་དེ་དང་ཁ་བྲལ་ཐབས་མེད་པ་དང༌། ལོ་རབས་ལྔ་བཅུ་པའི་ནང་རང་རྒྱལ་གྱི་ཚན་རིག་མཁས་པ་མང་པོས་སྤྲིན་དཀར་མ་བཅོས་རྒྱུ་ཆ་ཨན་ཆི་སོན་འདྲེས་སྦྱོར་བྱས་རྗེས། སླར་ཡང་མིའི་ཐབས་ཤེས་བརྟེན་ནས་དབྱི་ཏའོ་སུའོ་འདྲེས་སྦྱོར་བྱེད་རྒྱུའི་ཚོད་ལྟ་བྱས། རབ་བྱུང་བཅུ་དྲུག་པའི་ཤིང་སྦྲུལ་སྤྱི་ལོ1965ལོར་རང་རྒྱལ་གྱི་ཚན་རིག་མཁས་ཅན་ཚོས་འཛམ་གླིང་ཐོག་ཐེངས་དང་པོར་མི་ཡི་ཐབས་ཤེས་ལ་བརྟེན་ནས་སྐྱེད་དངོས་ཀྱི་གསོན་ཤུགས་ལྡན་པའི་སྤྲི་དཀར་སྟེ་བ་གླང་གི་སྙིང་བསྡུས་དབྱི་ཏའོ་སུའོ་འདྲེས་སྦྱོར་བྱེད་ཐུབ་པ་བྱུང་བ་རེད། ཚན་རིག་གི་ཚོད་ལྟའི་གྲུབ་འབྲས་དེས་སྲོག་དང་རྣམ་ཤེས་གཉིས་ཀྱི་བར་ལ་འབྲེལ་བ་ཇི་འདྲ་ཡོད་ཟེར་ཐད་པར་གནད་དོན་གསར་པ་བཏོན་ཡོད།

                                                                                                                                ཡོང་ཁུངས། ཡོངས་འཛིན་དྲ་བ།


  • 顶 0