བོད་མིའི་ཟས་མཆོག་ནས་ཀྱི་རྣམ་བཤད་རགས་བསྡུས།

2020-03-31
0

        ནས་ཀྱི་སྐོར་ལ་བཤད་ཚུལ་མི་འདྲ་བའི་རིགས་ཆོས་ཕྱོགས་ནས་བཤད་པའི་གནའ་བོའི་ལོ་རྒྱུས་དང་འབྲེལ་བའི་སྐོར་ཞིག་དང་དམངས་སྲོལ་རིག་གནས་ལས་གཏམ་བརྒྱུད་ལྟར་བཤད་ཚུལ་མི་འདྲ་བའི་ལུགས་གཉིས་སུ་སྣང་སྟེ། སྤྱིར་དེང་དུས་མཁས་པ་མང་ཆེ་བས་གཞུང་ལུགས་ཆེན་པོའི་དགོངས་པ་དང་ལོ་རྒྱུས་རིང་མོའི་གཏམ་བརྒྱུད་སོགས་ལ་བསམ་གཞིག་བྱས་པ་ཙམ་ལས་རང་ཉིད་ཀྱི་ཚེ་སྲོག་སྐྱོབ་པའི་བོད་མིའི་ཟས་མཆོག་སྨན་དཀར་པོ་ཆིག་ཐུབ་ཀྱི་ཡོང་ཁུངས་ལ་གྲོས་ཞིབ་ཙམ་ཡང་མ་བྱས་པར་ཇི་མི་སྙམས་ཏེ་བཏང་སྙོམས་སུ་འཇོག་པ་འདིར་གཅིག་བྱས་ན་དུས་རྒྱུན་རྩམ་པ་ཟ་ཡུན་རིང་དྲགས་པའི་རྐྱེན་གྱིས་བཤད་མི་འདོད་པ་ཡིན་སྲིད་མོད། འོན་ཀྱང་རང་མི་རིགས་ཀྱི་འཚོ་བའི་ཁྲོད་ནས་འཚར་ལོངས་བྱུང་བའི་བོད་མི་ཞིག་ཡིན་ནས་བཟུང་སྟེ། རང་ཉིད་ཀྱི་ཚེ་སྲོག་བསྲིང་པའི་འཚོ་བའི་གཞི་རྟེན་ནད་བརྒྱ་སྨན་གཅིག་བོད་མིའི་ཟས་མཆོག་རྩམ་པའི་རྒྱུ་ནས་ཀྱི་ཡོང་ཁུངས་སོགས་རྣམ་བཤད་དང་ཞིབ་འཇུག་ཙམ་ཡང་མ་བྱས་པ་ནི་ཡུན་རིང་འཚོ་བའི་དངོས་པོ་ལ་གདིང་འཇོག་མ་བྱས་པའི་དན་རྟགས་སུ་སྣང་བས། ལོ་རྒྱུས་ཡིག་ཚང་ཁག་རྣམས་སུ་ཐོག་མའི་ཡ་ཐོག་རིང་མོ་ནས་སྐྱེ་འགྲོ་རྣམས་ཀྱིས་ཚེ་ལོ་གྲངས་མེད་ཐུབ་པ་ནས་བརྒྱད་ཁྲིའི་བར་དེ་ལ་བཟའ་བྱ་མ་རྨོས་པའི་ལོ་ཏོག་ཟ་རབས་དང་བཏུང་བྱ་བདུད་རྩིར་འཐུང་རབས་སོགས་བཤད་རྒྱུ་ཡོད་ནའང་འདས་སོང་གི་ལོ་རྒྱུས་དེའི་རིགས་ལ་ཕྱིར་མིག་ལྟ་དཀའ་བའི་གནས་སུ་གྱུར་ཡོད། ཚེ་ལོ་བརྒྱད་ཁྲི་ནས་བརྒྱའི་བར་དེ་ཉིད་ལ་ཟས་སུ་ཤིང་ཏོག་ཟ་རབས་དང་གོས་སུ་ཤིང་ལོ་གོན་རབས་སོགས་ནས་ཚེ་ལོ་བརྒྱའི་འོག་ཏུ་ཕྱིན་ཙ་ན་ཟས་སུ་རི་དྭགས་རྔོན་རབས་དང་གོས་སུ་པགས་གོས་གོན་རབས་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་བཤད་རྒྱུ་ཡོད་ནའང་དེ་ཐམས་ཅད་ཀྱི་རྒྱུ་རྐྱེན་དང་ཡོང་ཁུངས་སོགས་ཤེས་པར་མ་ཟད་ཟས་ཀྱི་བྱེ་བྲག་ཙམ་ཞིག་ཡིན་པས་དེང་སང་ཡང་ལོངས་སུ་སྤྱོད་ནས་ཟ་བཞིན་པ་ལགས་པས་ཀུན་གྱིས་ཤེས་གསལ་ལྟར་རེད། བོད་མི་སྤྱི་མཐུན་གྱི་འཚོ་བའི་རྟེན་གཞི་རྩམ་པའི་དངོས་རྒྱུ་ནས་ཀྱི་བྱུང་ཁུངས་ནི་ཆོས་ལུགས་པའི་བཤད་སྲོལ་ལྟར་ན་ཡ་ཐོག་གི་དུས་སུ་མིའི་རིགས་འདི་སྤྲ་དང་སྤྲེའུས་རིགས་སུ་ཆད་པ་ཡིན་པའི་སྔོན་གྱི་ལོ་རྒྱུས་རྣམས་སུ་གསལ་བར་ལྟར། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། སྤྲུལ་པའི་སྤྲེའུ་བྲག་སྲིན་འདུས་པ་ལས། །རིགས་དྲུག་ནས་འཕོས་སྤྲེའུ་ཕྲུག་དྲུག་ཅིག་བྱུང་། །གཅིག་ནི་དམྱལ་བའི་གནས་ནས་ཚེ་འཕོས་པས། །ངོ་ནག་མི་སྡུག་སྡུག་བསྲན་ཆེ་བར་སྣང་། །ཡི་དྭགས་ནས་འཕོས་ཟས་སྲེད་སེར་སྣ་ཆེ། །དུད་འགྲོའི་སྐྱེ་བ་གླེན་ལ་གཟུགས་བྱད་ངན། །ལྷ་མིན་ནས་འཕོས་ཐུ་ལ་ཕྲག་དོག་ཆེ། །མི་ནས་འཕོས་ཏེ་སེམས་ཆུང་ཤེས་རིག་རྒྱས། །ལྷ་ལ་འཕོས་ཏེ་རྒྱུད་དགེ་བྱད་བཞིན་བཟང་། །དེ་ཀུན་ཕ་ཡིས་ཤིང་ཏོག་གིས་གང་བ། །ནགས་མ་བྱ་ཚོགས་ཅན་ཞེས་བྱ་བར་བསྐྱལ། །ལོ་འགའ་ལོན་ནས་ལྟ་རུ་ཕྱིན་པའི་ཚེ། །དེ་ལས་མི་མིན་སྤྲེའུ་མིན་བཞི་བརྒྱ་འཕེལ། །ཤིང་ཏོག་ཟད་ཅིང་བཀྲེས་པས་འཐབ་ཅིང་རྩོད། །ཡི་དྭགས་ལྟ་བུར་སྙིང་རྗེའི་གནས་སུ་མཐོང་། །རང་གིས་གསོས་པས་མ་སོས་རབ་ཏུ་ངལ། །རྫུ་འཕྲུལ་མཐུ་ཡིས་པོ་ཊ་ལ་རུ་སོང་། །འཕགས་པའི་དྲུང་དུ་ཐལ་སྦྱར་གསོལ་བཏབ་པ། །ཞེས་གསུངས་པས། འཕགས་པ་ཐུགས་རྗེ་ཆེན་པོའི་སྤྲུལ་པར་སྤྲ་དང་སྤྲེའུ་འདུས་པ་ལས། རིགས་དྲུག་གི་གནས་ནས་སྐྱེ་བར་བཞེས་པའི་སྤྲེའུ་ཕྲུག་དྲུག་བྱུང་བ་དེ་དག་ཕ་བྱང་ཆུབ་སེམས་པའི་སྤྲུལ་པ་དེས་ནགས་མ་བྱ་ཚོགས་ཅན་ཞེས་བྱ་བ་ཤིང་ཏོག་གིས་གང་བའི་གནས་སུ་བསྐྱལ་ནས། ལོ་འགར་འདས་པ་ན་ལྟ་བར་ཕྱིན་པས་མི་མིན་སྤྲེའུ་མིན་གྱི་སྤྲེའུ་ཕྲུག་བཞི་བརྒྱ་འཕེལ་བར་གྱུར་ནས་ཤིང་ཏོག་རྣམས་ཟད་དེ་ཕན་ཚུན་འཁྲུགས་བརྩོད་ངང་ཡ་ང་བའི་གནས་སུ་གྱུར་ནས། བཀྲེས་པས་ཉེན་པའི་སྤྲེའུ་དེ་དག་ཡི་དྭགས་ལྟ་བུའི་ལུས་རིད་ཅིང་སྐམ་པ་སྙིང་རྗེའི་གནས་སུ་གྱུར་པར་མཐོང་ནས། བྱང་ཆུབ་སེམས་པའི་སྤྲུལ་པ་དེས་གསོས་པས་ཡུན་རིང་མ་སོས་པས། རྫུ་འཕྲུལ་གྱི་མཐུ་ལ་བརྟེན་ནས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་རི་ཕོ་ཏ་ཞེས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དྲུང་དུ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་ན། རི་བོ་གྲུ་འཛིན་གྱི་ཟོམ་ནས་འབྲུ་སྣ་ལྔ་བླངས་ཏེ་བོད་དུ་གཏོར་པས་མ་རྨོས་པའི་ལོ་ཏོག་ཏུ་བྱས་ཏེ་རིན་པོ་ཆེ་སྣ་ལྔ་ཕྱག་གིས་གཅུས་ནས་གཏོར་ནས་སྨོན་ལམ་མཛད་པས། བྱང་ཆུབ་སེམས་དཔའ་དེས་རང་གིས་རིགས་བརྒྱུད་རྣམས་ཁྲིད་ནས་མ་རྨོས་པའི་ལོ་ཏོག་བསྟན་ནས། འདི་ཟོ་དང་ཞེས་ས་ཞིང་ཟོ་དང་གོང་པོ་རི་དང་འདིར་རྩེ་མོ་རྩེས་དང་བྱས་པས་རྩེད་དོང་སོགས་ཀྱི་མིང་ཆགས་ཞེས་གྲགས་སོ། ། དེ་ལྟར་ལོ་ཏོག་ཟོས་པས་སྤྲ་སྤྲེའུ་དེ་དག་གི་ལུས་ཀྱི་སྤུ་བྱི་བ་དང་མཇུག་མ་ཆད་པ་སོགས་སྤྲེའུ་རྣམས་ཀྱིས་ངལ་རྩོལ་བྱས་ནས་མིར་གྱུར་པར་ལོ་རྒྱུས་ཡིག་ཚང་རྣམས་ལས་གསུངས་པ་དང་ཚན་རིག་པའི་བཞེད་པ་སོགས་གཅིག་མཐུན་ཡིན་པ་དང་། ཆོས་ཕྱོགས་སུ་ནས་ཀྱི་ཡོང་ཁུངས་དེ་ལྟར་བཞེད་པ་དང་གང་ལྟར་ཡང་མ་རྨོས་པའི་ལོ་ཏོག་ཅེས་པའི་དོན་འདི་ལ་ད་དུང་དཔྱད་ཞིབ་དང་བསམ་བློ་ཡང་དག་པ་ཞིག་གཏང་རྒྱུ་ཡོད་པའི་གཏམ་དུ་སྣང་ངོ་། །

དམངས་ཁྲོད་ངག་རྒྱུན་ངལ་རྩོལ་ཁྲོད་ནས་བྱུང་བའི་ནས་ཀྱི་ཡོང་ཁུངས།
        དམངས་ཁྲོད་གཏམ་བརྒྱུད་དུ་སྲིད་པའི་ནས་འབྲུ་སྔོན་མོ་འཁྲུངས་རབས་ཀྱི་སྐོར་དྲི་བ་དྲིས་ལན་དུ། དང་པོ། དྲི་བ། རྫ་ཟོར་བ་འདྲ་བའི་ཕར་ནང་ན། །བྲག་མདའ་སྒྲོ་འདྲ་བའི་ཚུན་ཆད་ན། ། ཕ་བོང་དཀར་པོའི་ཁྲི་ཐོག་ན། །ལྷ་ཚངས་པ་དཀར་པོ་མཚམས་ལ་བཞུགས། །ལོ་མཚམས་བཞུགས་ནས་ཅི་ཞིག་བསྒྲུབས། །ཟླ་མཚམས་བཞུགས་ནས་ཅི་ཞིག་བསྒྲུབས། །བདུན་མཚམས་བཞུགས་ནས་ཅི་ཞིག་བསྒྲུབས། །དེའི་དྲིས་ལན་དུ། ཕ་བོང་དཀར་པོའི་ཁྲི་ཐོག་ནས། ། ལྷ་ཚངས་པ་དཀར་པོ་མཚམས་ལ་བསྡད། །ལོ་མཚམས་བསྡད་ནས་བུམ་པ་བསྒྲུབས། །བུམ་པའི་ཁ་ལ་ཅི་ཞིག་བསྒྲུབས། །ཟླ་མཚམས་བསྡད་ནས་བུམ་རྫས་བསྒྲུབས། །བུམ་པའི་སྐེད་ལ་ཅི་ཞིག་བསྒྲུབས། བདུན་མཚམས་བསྡད་ནས་བུམ་རྫས་བསྒྲུབས། །བུམ་པའི་ཞབས་ལ་ཅི་ཞིག་བསྒྲུབས། ། དེའི་དྲི་བ། ལོ་མཚམས་བསྡད་ནས་བུམ་པ་བསྒྲུབས། །བུམ་པའི་ཁ་ལ་ནས་དཀར་བསྒྲུབས། །ཟླ་མཚམས་བསྡད་ནས་བུམ་རྫས་བསྒྲུབས། །བུམ་པའི་སྐེད་ལ་ནས་སྔོན་བསྒྲུབས། ། བདུན་མཚམས་བསྡད་ནས་བུམ་ཆུ་བསྒྲུབས། །བུམ་པའི་ཞབས་ལ་ནས་ནག་བསྒྲུབས། །བསྒྲུབས་པའི་ནས་གསུམ་བོར་སོང་གཟིག །དེ་རྐུས་པའི་རྐུན་མ་སུ་ཡིན་ཤོད། ། དེའི་དྲིས་ལན་དུ། ནས་དཀར་རྐུ་ནོ་བྱ་དཀར་རེད། །ནས་སྔོན་རྐུ་ནོ་བྱ་སྔོན་རེད། ། ནས་ནག་རྐུ་ནོ་བྱ་ནག་རེད། །བྱ་དེ་གསུམ་འགུག་པ་ཅི་བས་བཀུག །དེའི་དྲི་བ་ལ། ཁིས་གོང་མའི་ནང་ནས་རྙི་ཞིག་བཙུགས། །རྙི་དཀར་ནང་ལ་བྱ་དཀར་བཟུང་། ། བྱ་དཀར་ཁ་ནས་ནས་དཀར་བླངས། །ཁིས་བར་མའི་ནང་དུ་རྙི་སྔོན་བཙུགས། །རྙི་སྔོན་ནང་ལ་བྱ་སྔོན་བཟུང་། །བྱ་སྔོན་ཁ་ནས་ནས་སྔོན་བླངས། །ཁིས་ཞོལ་མའི་ཁ་ནས་རྙི་ནག་བཙུགས། །རྙི་ནག་ནང་ལ་བྱ་ནག་བཟུང་། །བྱ་ནག་ཁ་ནས་ནས་ནག་བླངས། །ནས་དེ་གསུམ་འཁྱེར་ནས་གང་ལ་སོང་། །དེའི་དྲིས་ལན་དུ། ནས་དེ་གསུམ་འཁྱེར་ནས་དགུང་ལ་སོང་། །དགུང་ཨ་སྔོན་དཀྱིལ་ནས་ས་ཞིག་བཟུང་། །འབྲུག་ཕོ་ཁྱུང་གཉིས་ལ་གཉའ་ཤིང་བཅོས། །གསེར་གྱི་སྐེ་ཤིང་ཕྲེད་ཀྱིས་བཞག །དངུལ་གྱི་ཤོག་མདའ་ཕྲེད་ཀྱིས་བཞག །འབྲུག་ཝ་ར་ར་ལ་ཝི་རི་རི། །ས་དེ་ནས་ཞིང་ས་མི་ཉན་གི །ནས་དེ་གསུམ་འཁྱེར་ནས་གང་ལ་སོང་ཞེས་སོགས་ཀྱི་དྲི་བ་དྲིས་ལན་ལ་བརྟག་ན་གཏམ་བརྒྱུད་འདིའང་ཁུངས་མེད་མ་ཡིན་པ་གང་ལྟར་སྔོན་གྱི་གནའ་བོའི་གཏམ་བརྒྱུད་དེ་དག་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་ལྟ་བུར་ཆགས་ཡོད་ལ། ནས་ཀྱི་བྱུང་ཁུངས་དམངས་ཁྲོད་ཀྱི་ངལ་རྩོལ་ཁྲོད་ནས་བྱུང་བའི་གླུ་གཞས་དེ་དག་སྒྲོ་བཏགས་ལྟ་བུའི་སྣང་མེད་དུ་མི་འཇོག་པར་ད་དུང་དཔྱད་གཞི་མཛད་དགོས་པ་ཞིག་ཏུ་གྱུར་ཡོད། དེའི་རྒྱུ་མཚན་ནི་དགུང་ཨ་སྔོན་དཀྱིལ་ནས་ས་ཞིག་བཟུང་ཞེས་དང་འབྲུག་ཕོ་ཐང་གཉིས་ལ་གཉའ་ཤིང་བཅས་ཞེས་པའི་ཚིགས་རྐང་གཉིས་ཀྱི་གཏམ་བརྒྱུད་འདི་ལ་བརྟག་ན་ཞིང་ས་མ་ཉན་པར་ནས་དེ་དག་འཁྱེར་ནས་དོག་མོའི་ས་ལ་ས་བོན་འདེབས་འཛུགས་ཀྱི་ཐོན་སྐྱེད་ངལ་རྩོལ་བྱས་ཡོད་པར་དངོས་ཤུགས་གང་རུང་གིས་སྒོ་ནས་རྟོགས་ནུས་པ་ཡིན། །

ནས་འབྲུ་གཅིག་གིས་གྲུབ་ཆའི་གཟུགས་ལ་མཚོན་སྟངས་ཀྱི་རྣམ་པ།

        ནས་འབྲུ་གཅིག་གིས་གྲུབ་ཆ་ལ་མཚོན་སྟངས་ཀྱི་རྣམ་པར་ཇི་ལྟར་གྲུབ་ཡོད་ཅེ་ན་གནམ་ས་བར་གསུམ་མཚོན་སྟངས་ཀྱི་གཟུགས་དབྱིབས་སུ་གྲུབ་ཡོད་པར་ཡིན་ཏེ། ནས་ཞེས་པའི་ཡིག་འབྲུ་གཉིས་འདུས་པ་འདི་ལ་བརྟག་ཚེ་ན་ཡིག་ནམ་མཁའི་ཐ་སྙད་སྟོན་བྱེད་ཀྱི་ཡི་གེ་ཡིན་ལ། ས་ཡིག་ས་གཞིར་སྟོན་བྱེད་དུ་འཇུག་ཅིང་ན་ས་གཉིས་གཅིག་ཏུ་སྡེབ་པའི་ཡི་གེ་དེ་ནས་ཞེས་འབྱུང་བས། བརྡ་སྤྲོད་རིག་པའི་གཞུང་ལུགས་སུ་འབྱུང་ཁུངས་སྟོན་བྱེད་དུ་ཐ་སྙད་ཀྱི་ཕྲད་འདི་བྱུང་བ་ཡིན། ནས་འབྲུ་གཅིག་གི་གྲུབ་གཟུགས་ལ་ཡང་གནམ་ས་བར་གསུམ་གཅིག་ཏུ་སྡེབ་པའི་མཚོན་རྟགས་སུ་རི་མོའི་མཚམས་ཤིག་གིས་དཀྱིལ་དབུས་ཕྱེད་བགོས་སུ་གཡས་གཡོན་གཉིས་ཀྱིས་གནམ་སའི་གྲུབ་ཆ་མཚོན་ཡོད་ལ། དཀྱིལ་དབུས་སུ་རི་མོ་གཅིག་གིས་བར་སྣང་སྟོང་པའི་གྲུབ་གཟུགས་མཚོན་པར་ཡིན་སྟབས་དོན་དུ་གནམ་ས་གཉིས་ཀྱི་བར་དུ་འཇིག་རྟེན་འགྲོ་བ་བོད་མིའི་ཚེ་སྲོག་སྐྲུན་པའི་རྒྱུའམ་འབྱུང་ཁུངས་གཙོ་བོ་ནི་ནས་ཡིན་པར་ར་སྤྲོད་བྱེད་ཐུབ། ད་དུང་གཞན་ཡང་རིན་པོ་ཆེའི་རིགས་དཀར་ཕྲ་མེན་གནམ་ས་ཁ་སྤྲོད་དང་གཅིག་མཚུངས་སུ་གྲུབ་ཡོད་པས་ནས་འབྲུའི་ལོགས་གཅིག་སྲབ་ལ་མདོག་ཀྱང་ཅུང་དྭངས་ཆ་དོད་ཡོད་ལ་དེ་ལས་གཞན་དེ་ཅུང་མཐུག་ལ་མདོག་ཀྱང་དེ་ཙམ་དྭངས་ཆ་མེད་པས་གྲོ་སོགས་ལའང་གཟུགས་དབྱིབས་ཅུང་འདྲ་བ་ཡོད་ཀྱང་དེ་འདྲའི་ཁྱད་ཆོས་ཚང་བ་མེད་ལ། རིན་པོ་ཆེ་ནས་ནི་རིན་པོ་ཆེ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་འཚོ་བའི་རྒྱུ་གཙོ་བོ་དེ་ཡིན་པ་ངོས་འཛིན་བྱེད་དགོས། ད་དུང་དེ་ལས་གཞན་ཡང་ཐབས་ཤེས་ཟུང་འཇུག་གསུམ་དང་སྦྱར་རུང་བ་བཤད་ཐུབ་ལ་ནམ་མཁའ་མཚོན་བྱེད་ཅུང་དྭངས་བའི་ངོས་དེས་ཤེས་རབ་མཚོན་པ་དང་ཅུང་མཐུག་པར་ས་གཞི་མཚོན་པའི་ངོས་དེས་ཐབས་མཚོན་པ་དང་། དཀྱིལ་དབུས་སུ་རི་མོའི་སྟོང་ཆ་དེས་ཐབས་ཤེས་ཟུང་དུ་འཇུག་པའི་དོན་མཚོན་པར་སོགས་རིག་པས་བསྒྲུབས་ཏེ་བཤད་ན་མི་འགལ་བ་ཡིན་ལ། གཞན་ཡང་ནང་ཆོས་དང་སྦྱར་ནས་མཚོན་དོན་སོགས་བཤད་རྒྱུ་ཡོད་ཀྱང་འདིར་སྐབས་སུ་མ་བབས་པས་བཤད་པར་མི་བྱའོ།།

ཆུ་ལུད་དྲོད་གསུམ་དང་ལྷན་དུ་སོ་ནམ་ལ་བརྟེན་ནས་བྱུང་བའི་ནས།
        གོང་དུ་བཤད་པ་དེ་དག་ཡ་ཐོག་རིང་མོའི་དུས་སུ་བྱུང་བའི་ནས་ཀྱི་འབྱུང་ཁུངས་བཤད་སྟངས་མི་འདྲ་བའི་རིགས་དེ་དག་ཡིན་ལ། དེང་དུས་རང་རེ་རྣམས་ཀྱིས་འབྲུ་སྲན་སྣ་ལྔ་དེ་སོ་ནམ་བྱས་ཏེ་ཆུ་ལུད་དྲོད་གསུམ་གྱི་རྐྱེན་ཚོགས་པ་ལ་བརྟེན་ནས་དམངས་ཁྲོད་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་ཁྲོད་ནས་བྱུང་བའི་ཟས་མཆོག་ཞིག་ཡིན་སྟབས། འཇིག་རྟེན་འཁོར་བའི་ལས་ལ་འཁོར་ལོ་ལྟར་འཁོར་བའི་རྒྱུད་རིམ་གྱི་ནང་དུ་དུས་བཞིའི་འགྱུར་བའི་ནམ་ཟླ་དང་བསྟུན་ནས་སོ་ནམ་གྱི་རིམ་པ་གོ་རིམ་མ་འཁྲུགས་པར་ལག་ལེན་དུ་བསྟར་བ་ནི་གྲུབ་འབྲས་ཐོབ་པའི་དངོས་རྒྱུ་ཐུན་མོང་མ་ཡིན་པ་ཞིག་སྟེ། དེ་ཡང་དབྱར་དགུན་སྟོན་དཔྱིད་བཞིའི་ནང་དགུན་མཐའ་དང་དཔྱིད་མགོའི་བར་ལ་ས་ཞིང་ལ་ཆུ་འདྲེན་པའི་དུས་ཡིན་པས་རི་ཆུ་ཐང་ལ་བཀྲམ་ཞེས་པའི་དམངས་ཁྲོད་ཀྱི་གཏམ་རྒྱུན་དེ་ཡིན། དཔྱིད་ར་བར་ཞིང་ལ་ལུད་རྒྱག་པ་ཡིན་ལ་ཆུ་ལུད་དང་སོ་ནམ་མ་བྱས་ན་བསྐལ་པ་ཡ་ཐོག་གི་མི་རྣམས་ཀྱིས་བསོད་ནམས་ལྟར་དེང་དུས་མི་རྣམས་ལ་ཡོད་པར་མ་ཡིན་པས་རང་དགར་ལོ་ཏོག་སྐྱེ་བར་མི་འགྱུར་ལ། དཔྱིད་ཐ་མའི་ནང་བོང་ཐོ་རྡུང་བ་དང་ལུད་བཀྲམ་པའི་དུས་ཡིན་པས་དྲོད་ཅུང་སླེབས་དུས་ཡིན། གཞའ་ཚན་ཆེ་བའི་མཁའ་ལུང་གྲོང་རོང་རྣམས་སུ་ས་ཞིང་ལ་རང་བཞིན་གྱིས་རླན་གཤེར་འཛོམས་པའི་ས་ཆའི་རིགས་དེ་དག་ལ་ཆུ་འདྲེན་དགོས་པ་མ་ཡིན། དེ་ནས་གནའ་བོའི་མི་རྣམས་ཀྱིས་ཉི་ཐིག་དང་གྲིབ་སོར་ཆབ་རོམ་ཞུ་ཚད་ལ་བརྟག་སྟེ་དཔྱིད་རྨོད་ཀྱི་གྲ་སྒྲིག་དང་ས་ཞིང་འདེབས་འཛུགས་ཀྱི་ལས་ལ་རན་པར་གཏན་འཁེལ་བྱས་པར་ཡིན། དཔྱིད་རྨོས་མ་བྱས་གོང་ཞིང་ཁའི་རྡོ་བོར་བ་བྱས་ཏེ་དེ་ནས་དཔྱིད་རྨོད་ཀྱི་ཉིན་དང་པོར་བསངས་གཏོང་བ་དང་ཁང་པའི་སྒོ་སྒེའུ་ཁུང་གི་ཐོག་དང་ཐབ་ཀ་དང་ཀ་བ་གྱང་ལྡེབས་སོགས་ཀྱི་ངོས་སུ་མར་གྱིས་བཀྲ་ཤིས་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན་ནོར་བུ་ཆ་བདུན་སོགས་ཀྱིས་དཀར་ཐིག་བཙུགས་པ་དང་ལོ་འཁོར་གཅིག་གི་བྱ་བ་ལེགས་ལམ་དུ་འགྲོ་བའི་མཚོན་རྟགས་སུ་གྲོ་སོ་ཕྱེ་མར་སོགས་རྟེན་འབྲེལ་སྒྲིག་པའི་བྱེད་སྒོ་སྣ་ཚོགས་སྤེལ་བ་ཡིན། དེ་ནས་ཁྱིམ་ཚང་གཅིག་གི་ལོ་དེའི་ལོ་ཤིང་དང་སྤར་སྨེ་སོགས་ལ་བརྟགས་ཏེ་ས་བོན་འདེབས་པའི་མི་གཅིག་འདེམས་པར་བྱས་ནས་རྨོད་དོར་མ་བཅས་གོང་དུ་ཉིན་གཅིག་གི་འཕྲུ་སློག་ཚོད་ཅིག་ལ་ས་བོན་འདེབས་ཐུབ་པར་བྱ་དགོས། དེ་ལྟར་འཕྲུ་སློག་པ་པོའི་རྗེས་དེད་དུ་བོང་ཐོ་རྡུང་ཐུབ་པ་དང་། དེའི་རྗེས་སུ་ཞིང་ཁ་སྙོམས་པའི་ཤད་དྲུད་པ་སོགས་དཔྱིད་རྨོས་ཀྱི་ལས་ཀར་ཚ་ཚ་འུར་འུར་གྱིས་ཞུགས་དགོས་པ་ཡིན། དེ་ནས་དཔྱིད་ར་བའི་ནང་ལྗང་པ་ཡུར་བ་དང་ལྷན་དུ་ལྡུམ་བུ་རྐོ་བར་བྱས་ཏེ་ལོ་ལེགས་ཀྱིས་སྣང་བ་ལྗང་མདོག་ཅན་དུ་འགྱུར་བའི་སོ་ནམ་བྱ་དགོས། དེ་ནས་སྟོན་ར་བར་ལོ་ཏོག་བསྐྱེད་བསྲིང་བྱས་པ་དང་མཉམ་དུ་རྩྭ་ཤད་སྐྱེས་པ་རྣམས་བཏོགས་པ་དང་། སྟོན་ཐ་མར་ལོ་ཏོག་བསྡུད་ལེན་དང་ཁྱིམ་དུ་སྐམ་སོག་ཚུད་པར་བྱེད་དགོས་པ་ཡིན། དེ་ནས་དགུན་འགོ་མར་ནས་དགུན་གཞུང་གིས་བར་དུ་ཐོག་རྡུང་ཐུབ་པར་བྱས་ཏེ་འབྲུ་རིགས་དེ་དག་རླུང་ལ་ཕྱར་ནས་ཕུར་མ་དང་སོ་སོར་དྭངས་སྙིགས་ཕྱེ་བར་བྱ་དགོས། དེ་ནས་འབྲུ་རིགས་ཐང་མར་བརྡལ་ནས་ཉི་འོག་ཏུ་སྐམ་བསྲེག་བྱ་དགོས་པ་ནི་སོ་ནམ་གྱིས་རིམ་པ་རགས་བསྡུས་ཙམ་ངོ་སྤྲོད་ཞུས་པ་ཡིན།

ནས་ཀྱིས་ཟས་ལ་གཡོ་སྐོལ་བྱེད་སྟངས་དང་ཕན་ནུས་ཀྱི་ཁྱད་པར།

        ནས་འདི་ལ་ཡང་རིགས་ཀྱི་སྒོ་ནས་དབྱེ་ན་གསུམ་དུ་སྣང་སྟེ། གོང་དུ་སྲིད་པའི་ནས་འབྲུ་སྔོན་མོའི་དྲི་བ་གསུམ་པའི་སྐབས་སུ། ལོ་མཚམས་བསྡད་ནས་བུམ་པ་བསྒྲུབས། །བུམ་པའི་ཁ་ལ་ནས་དཀར་བསྒྲུབས། །ཟླ་མཚམས་བསྡད་ནས་བུམ་རྫས་བསྒྲུབས། །བུམ་པའི་སྐེད་ལ་ནས་སྔོན་བསྒྲུབས། །བདུན་མཚམས་བསྡད་ནས་བུམ་ཆུ་བསྒྲུབས། །བུམ་པའི་ཞབས་ལ་ནས་ནག་བསྒྲུབས། ཞེས་བཤད་པ་ལྟར་དུ་ནས་དཀར་དང་ནས་ནག་གཉིས་ནི་འབྲུ་རྡོག་ཆེ་བ་དང་སྙེ་མའི་སྒྲོམ་ཟུར་དང་འབྲུ་སྙིང་མང་ལ་གཞུང་རྟའི་སོག་སྡོང་སྦོམ་པ། རྩམ་པའི་ཁ་དོག་ཀྱང་ནས་ནག་ལ་ཅུང་དམར་ཞད་ཡོད་ལ་པག་ཟན་ཡང་ཅུང་ནག་ཞད་ཡོད་ཅིང་ནས་ནག་འདིས་རོ་དང་བྲོ་བ་སོགས་ཁ་ཏིག་ཅུང་ཡོད་པ་ཡིན་ལ་ཁྲེ་དཀར་དང་ཁྲེ་ནག་ཞེས་འབོད་ལ་ནུས་པས་འཁྲུ་བ་གཅོད་ཅིང་དུག་ནད་སོགས་སེལ་བ་ཡིན་ནོ། །ནས་སྔོན་ནི་མདོག་སྔོ་སྐྱ་ཡིན་ལ་པག་ཟན་བརྫིས་པའི་དྲོ་བ་ཞིམ་ལ་རོ་མངར་བ་བོད་མིའི་ཟས་ཀྱི་དྭངས་མར་བརྟེན་ཞིང་མེད་དུ་མི་རུང་བའི་ཟས་མཆོག་ཞིག་ཡིན་ལ་ནུས་པས་ཟུངས་བཅུད་གསོ་ཞིང་རླུང་ནད་སོགས་ལ་ཕན་ནུས་ཆེ། ནས་འདིས་ཟས་རིགས་མང་པོ་འཚོ་བའི་ཐབས་ཚུལ་བཀོལ་ཆོག་སྟེ། འབྲུ་རྡོག་སྨིན་མ་ཐག་སྙེ་མ་བྲེག་ནས་ཆུ་ཁོལ་ནང་ཅུང་ཟད་བཙོས་ཏེ་ཕྱར་བ་སོགས་སུ་བཏིང་ནས་དེའི་ཐོག་རྡེབ་པར་ན་འབྲུ་སྙིང་ཕྱུང་བ་གཏུན་དང་རྡོ་མཆིག་སོགས་སུ་བཙིར་ནས་ཐུག་པ་བསྐོལ་ན་བྲོ་བ་ཞིམ་ཞིང་ཕན་ནུས་ཆེ་ལ་ཁྲག་རྩའི་འཁོར་རྒྱུག་སྙོམས་པ་དང་དྭངས་སྙིགས་འབྱེད་དེ་ལུས་སྟོབས་བསྐྱེད་ཅིང་ལུས་ཟུངས་བརྟས་པར་བྱེད་པའི་དགེ་མཚན་ལྡན་ནོ། གཞན་ཡང་ལོ་ཏོག་སྨིན་ཏེ་བཙས་རྔས་ནས་ཉིན་མའི་འོག་སྐམ་སྲེག་བྱས་ཏེ་ཐོག་བརྡུངས་ནས་ཕུར་མ་སོགས་དྭངས་སྙིགས་ཕྱེས་པ་རྣམས་སྒྲོ་བ་དང་སྒམ་སོགས་སྣོད་དཔྱད་དུ་བླུག་ནས་ཟ་ཚོད་རེ་བླང་སྟེ་རེས་འགར་ཡོས་རྔོས་ནས་དེ་ལྟར་ཟོས་ན་ལྟོ་འགྲངས་པ་མ་ཟད། རླུང་ནད་གསོ་བའི་དགེ་མཚན་ལྡན་པ་ཡིན། རེས་འགར་ནས་སྤུ་བཅད་ནས་མཆན་གཡོ་བསྐོལ་བྱས་ཏེ་བཟའ་བཏུང་གཉིས་འཛོམས་ཀྱི་གོ་ཆོད་པ་མ་ཟད་ཞུ་སླ་ཞིང་བཅུད་ཆེ་བས་ལུས་ཟུངས་གསོ་བའི་དགེ་མཚན་ལྡན་ནོ།། ད་དུང་ཡོས་བརྔོས་ནས་རྡོ་མཆིག་དང་ལག་མཆིག་སོགས་སུ་ཞིབ་མོར་བཏགས་ནས་རྩམ་ཁུ་བསྐོལ་བར་བྱས་ན་བཟའ་བཏུང་གཉིས་གོ་ཆོད་པ་མ་ཟད་གསང་སྔགས་ཉམས་སུ་ལེན་པའི་གང་ཟག་ལྟ་བུ་ལ་ལུས་ཟུངས་གསོ་ནས་བདེ་སྟོང་བསྐྱེད་པ་དང་། ཁམས་ཐིག་ལེ་འཕེལ་ཞིང་རྩ་མདུད་གྲོལ་ནས་བདེ་སྟོང་གཉིས་སུ་མེད་པའི་ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱེད་པའི་དགེ་མཚན་ལྡན་པ་ཡིན། རྒྱུན་པར་བོད་མིའི་ཁ་ཟས་སུ་རྩམ་པ་བརྫིས་ནས་པག་ཟན་ཟ་བར་འདིས་མི་རིགས་ཤིག་གི་རིག་གནས་དང་ལོ་རྒྱུས་སོགས་ལ་རྒྱུས་མངའ་ཆེ་བའི་དགེ་མཚན་ལྡན་ལ། རྣམ་དཔྱོད་དང་ཤེས་རབ་ཆེ་བ་བྱེད་པའི་སྨན་དཀར་པོ་ཆིག་ཐུབ་ཅེས་གྲགས་པ་དེ་ཡིན། ཆུང་དུས་ནས་རྩམ་ཟན་གྱི་སྐྱོ་མས་བསྐྱེད་བསྲིང་བྱས་པའི་བྱིས་པ་དེ་ན་ཚོད་ལོན་པའི་སྐྱེ་བོ་ཕོ་མོ་གང་ཡིན་རུང་ལུས་སྟོབས་ཆེ་བ་དང་། ལུས་ཟུངས་བསྐྱེད་དེ་ཤ་བཀྲག་རྒྱས་པ་དང་རུས་རྐང་སྲ་བ་སོགས་ཀྱི་དགེ་མཚན་ལྡན་ལ་ན་ཚོད་ཡོལ་བའི་དུས་སུ་རྒས་ཁ་སྲ་བ་དང་སྐྲ་དཀར་དང་གཉེར་མ་མི་འབྱུང་བའི་དགེ་མཚན་ལྡན་པ་མ་ཟད། མིག་སོགས་དབང་པོ་གསལ་ཞིང་གོམ་སྟབས་མི་འཆོལ་བར་འགྲོ་འདུག་དང་འགུལ་སྐྱོད་སླ་ཞིང་ཡན་ལག་དང་ཉིས་ལག་སོགས་ཀྱི་ཚིགས་ཆེན་ཚིགས་ཕྲན་རྣམས་ཀྱི་མཚམས་མི་འགྱུར་བར་ཤིན་ཏུ་དྲང་བ་མ་ཟད་ཚེ་བསྲིང་ཞིང་ནད་མེད་ལང་ཚོ་རྒྱས་པའི་དགེ་མཚན་ལྡན་པ་ཡིན། རྩམ་པ་འདི་ཟས་གཞན་དག་དང་འདྲ་བ་མ་ཡིན་པར་ཞིམ་མངར་གཉིས་འཛོམས་སོགས་ཞལ་ཟས་རོ་བརྒྱ་ལྡན་པའི་བྲོ་བ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ཟས་མཆོག་ཅིག་ཡིན་ལ། ཟས་གྲོགས་སྦྱོར་སྡེབ་བྱས་པའི་བྲོ་བ་འབྱིན་བྱེད་ཀྱི་སྤོད་རིགས་གང་ཡང་མེད་ཀྱང་ཟ་ཆོག་ཆོག་ཅིག་ཡོད་པ་ཡིན་ལ། སྤོད་རིགས་སོགས་གཞན་ལ་ལྟོས་མི་དགོས་པའི་རང་རྐྱ་ཐུབ་པའི་ཞལ་ཟས་ཤིག་ཡིན། གཞན་ཡང་རླུང་ནད་དང་གྲང་ནད་ཟུངས་སྟོབས་ཞན་པའི་ནད་རིགས་གསོ་བྱེད་དུ་བོད་ཆང་དང་བོད་རག་བཙོས་ནས་སྨན་དུ་བསྟེན་ན་ཕན་ནུས་ཆེ་བར་ཉམས་མྱོངས་སུ་གྲུབ་པར་ཡིན་ལ། དེ་བས་རླུང་ནད་སོགས་ཀྱི་རིགས་ལ་བསྐོལ་ནས་སྨན་བཏུང་བྱེད་དུ་བསྟེན་ན་དེ་བས་ཕན་ནུས་ཆེ་བར་སྨན་གཞུང་དག་ཏུ་གསལ་བར་གསུངས་ཡོད། མདོར་ན་ཟས་ཀྱི་བྲོ་བ་ཞིམ་ལ་ནད་རིགས་གསོ་བ་དང་སྔོན་འགོག་བྱེད་པ། ཟས་སྟབས་བདེ་ཞིང་ཇི་ཙམ་ཟས་ཀྱང་ཇེ་ཞིམ་དུ་འགྲོ་བ་མ་གཏོགས་སུན་པར་མི་སྟེར་བ་སོགས་ཀྱི་དགེ་མཚན་བསམ་གྱིས་མི་ཁྱབ་པ་ལྡན་པར་ཡིན་ནོ། །  

  • 顶 0