དྲི་ཞིམ་གང་སར་འཐུལ། སྙན་གྲགས་ཕྱོགས་བཞིར་ཁྱབ།

2020-02-17
0

   ——སྤོས་བཟོ་བའི་ལག་རྩལ་རྒྱུན་འཛིན་པའི་སྔ་དེང་།

འདི་ནི་སྤོས་སྣ་ཚོགས་ཡིན་པ།

  སྤོས་ནི་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཤིག་ཡིན་ལ། བོད་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་རིགས་གཙོ་བོ་གསུམ་གྱི་གྲས་ཤིག་ཀྱང་ཡིན། སྤོས་ནི་སྤྱིར་བཏང་གི་བསུང་རྫས་དང་མི་འདྲ་བར་གུར་གུམ་དང་། གངས་ལྷ་མེ་ཏོག གླ་རྩི། སྲོ་ལོ་དམར་པོ། ལི་ཤི་སོགས་རྩ་ཆེའི་དྲི་ཞིམ་རྫས་དང་སྨན་རྩྭ་ཉི་ཤུ་ལྷག་ཙམ་ལས་བཟོས་པ་ཞིག་ཡིན་པས། དྲི་མ་ལྷག་ཏུ་ཞིམ་པ་མ་ཟད། ད་དུང་སྨན་སྤྱོད་རིན་ཐང་ཆེན་པོ་ལྡན་ཡོད།

 བོད་ལ་སྐད་གྲགས་ཆེ་བའི་སྤོས་ཀྱི་སྣ་ཁ་གསུམ་ཡོད་པ་སྟེ། སྙེ་མོའི་སྤོས་དང་། སྨིན་གྲོལ་གླིང་གི་སྤོས། “སྨིན་གྲོལ་སྨན་སྤོས”བཅས་ཡིན་ཞིང་། དེའི་ནང་ནས་སྙེ་མོའི་སྤོས་ལ་བོད་ཀྱི་དྲི་ཞིམ་སྤོས་རྩེ་གྲ་ཞེས་འབོད་སྲོལ་ཡོད།

 སྙེ་མོ་རྫོང་ཐོན་པ་ཆུ་བོའི་ལུང་གཞུང་དུ་ཆགས་པའི་ཐོན་མདའ་གྲོང་ཚོ་ནི་སྙེ་མོའི་སྤོས་ཀྱི་ཐོན་ཁུལ་གཙོ་བོ་ཡིན་པ་དང་། སྤོས་བཟོ་རྩལ་ཐོག་མར་གསར་གཏོད་བྱེད་མཁན་ཏེ། ཐོན་མི་སམ་བྷོ་ཊས་ཡར་སྔོན་གནས་འདིར་འཚོ་བ་སྐྱེལ་མྱོང་བ་རེད།

 ཐོན་པ་ཆུ་བོའི་ངོགས་ཀྱི་ཚང་ཚིང་ལྗོན་ཤིང་ཁྲོད་ནས་ཆུ་འཁོར་གྱི་སྒྲ་ལྷང་ལྷང་དུ་གྲགས་ལ། རྒྱུག་ཆུའི་སྒྲ་དང་ཆུ་འཁོར་གྱི་སྒྲ་ལྷན་དུ་འདྲེས་ནས་རྣ་བར་སྙན་པའི་རོལ་དབྱངས་ཤིག་གྲུབ་ཅིང་། དེ་ནི་སྤོས་ཀྱི་མ་བཅོས་རྒྱུ་ཆ་སྟེ་ཤུག་པ་ཞིབ་མོར་འཐག་པའི་ཆུ་འཁོར་གྱི་སྒྲ་ཡིན་པ་དང་། ལང་ལོང་དུ་རྒྱུག་པའི་ཆུ་བོའི་འགྲམ་ནས་ཆུ་འཁོར་ཉིས་བརྒྱ་ལྷག་ཙམ་གྱིས་ཉིན་མཚན་མེད་པར་འཁོར་སྐྱོད་བྱས་ཏེ་སྤྱི་ལེ་བཅུ་གྲངས་ཟིན་པའི“ཆུ་འཁོར་གྱི་བར་ཁྱམས་རིང་མོ”ཞིག་གྲུབ། ལོ་ངོ་1300ཡི་རིང་། ཐོན་པ་བས་ཐོན་མི་སམ་བྷོ་ཊའི་ལག་ཤེས་བཟོ་རྩལ་ངོ་མ་རྒྱུན་འཛིན་བྱས་ནས། ད་བར་ཆུ་འཐག་ལ་བརྟེན་ཏེ་སྤོས་བཟོ་ཞིང་། ལག་རྩལ་འདི་ལོ་ངོ་སྟོང་ཕྲག་གོང་ནས་ད་བར་དུ་མ་ཉམས་པར་རྒྱུན་འཛིན་བྱས་པ་མ་ཟད། ས་གནས་དེ་གའི་ཕྱུག་འགྱུར་གྱི་ཐབས་མཆོག་ཅིག་ཏུའང་གྱུར་ཡོད་པ་རེད།

 རྩ་ཆེ་བའི་སྤོས་ནི་ད་ཆ་མི་སེར་དཀྱུས་མའི་འཚོ་བའི་མཁོ་ཆས་སུ་གྱུར་ཅིང་། རྒྱུན་དུ་གྲིབ་སེལ་དང་མཆོད་མེ་སྤོར་བ། སྤོས་བདུག་པ་སོགས་གངས་ལྗོངས་ས་མཐོའི་མི་རྣམས་ཀྱི་ཉིན་གཅིག་གི་འཚོ་བའང་ཞོགས་པར་སྤོས་བདུག་པ་ནས་འགོ་རྩོམ་གྱི་ཡོད། ཡུལ་མི་བསྟན་འཛིན་གྱིས“ཚང་མས‘རི་ཁའི་ལྟོ་རྟེན་རི་ཡིན། ཆུ་ཁའི་ལྟོ་རྟེན་ཆུ་ཡིན’ཞེས་ཤོད་པ་ལྟར། ང་ཚོའི་བརྟེན་ས་ནི་སྤོས་རེད། ཆུང་དུས་ཆུ་འཁོར་གྱི་སྒྲ་མཚམས་ཆད་རྒྱུ་མེད་པར་ཐོས་ན་ཡང་། ཉིན་ཞིག་སྤོས་དེ་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་བའི་ཀ་རྟེན་ཐོན་ལས་ཤིག་ཏུ་འགྱུར་རྒྱུ་རེད་སྙམ་མ་བྱུང་། དུས་ད་ཆ། སྤོས་བཟོའི་ལག་རྩལ་ཚང་མ་རིག་གནས་ཡུལ་སྐོར་གྱི་རྣམ་གྲངས་གལ་ཆེན་ལ་གྱུར་ནས་ཡུལ་སྐོར་བ་དེ་ཁུལ་དུ་ཡོང་བའི་ཡིད་དབང་བཀུག་ཡོད”ཅེས་བཤད་བྱུང་།

 སྙེ་མོ་རྫོང་ནི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་ཞིག་ཡིན་པ་དང་། ད་ཆ་དབུལ་པོ་ཞེས་པ་དེ་འདས་ཟིན་པའི་དོན་དུ་གྱུར། སྤོས་ཀྱི་ཐོན་ལས་ལ་བརྟེན་ནས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་པ་དང་། སྙེ་མོ་རྫོང་འདི་ཉིད་སྤོས་ཐོན་ལས་གླིང་གི་གནད་སྨིན་དབུལ་སྐྱོར་གྱི་དཔེ་སྟོན་རྟེན་གཞིར་བསྐྲུན་ནས་མཉམ་ལས་ཁང་གི་ཁོངས་མིར་ལས་ཞུགས་ལས་གནས་100ལྷག་ཙམ་མཁོ་འདོན་བྱས་པ་དང་འབྲེལ། ཐོན་པ་གྲོང་རྡལ་གྱི་སྤོས་བཟོ་མཁན་དུད་ཚང་279ཡི་མི་1395ཡིས་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཕྱིར་ཚོང་ཐུབ་པར་སྐུལ་ཁྲིད་བྱས་ཏེ། ཐོན་རྫས་ཀྱི“གཅིག་གྱུར་ཚད་གཞི་དང་། གཅིག་གྱུར་མཚོན་རྟགས། གཅིག་གྱུར་ཐུམ་སྒྲིལ”བཅས་བྱུང་ཡོད་པ་རེད།

“སྲིད་གཞུང་གིས་སྙེ་མོའི་སྤོས་བཟོའི་སྲོལ་རྒྱུན་ལག་ཤེས་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་འདུག ལག་རྩལ་དེ་བྱང་ཆུབ་པའི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་བློ་བདེ་པོ་བྱུང་། སྙེ་མོའི་སྤོས་ཀྱི་སྤུས་རྟགས་སྐད་གྲགས་ཆོད་ཚད་ཇེ་ཆེར་འགྲོ་ངེས་རེད་ལ། ང་ཚོའི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཡང་མི་དེ་བས་མང་བས་ཤེས་རྟོགས་ཐུབ་པའི་ཡིད་ཆེས་ཡོད”ཅེས་ཡུལ་མི་ཚེ་རིང་རྡོ་རྗེས་གདེང་ཚོད་ཆེན་པོའི་ངང་བཤད།


  • 顶 0