བོད་ཀྱི་རྟ་སྒ་གཞོག་ལུགས།

2019-03-05
0

 

  དེ་ཡང་སྒ་ཤིང་ཕུད་ས་འགྲོ་སྐབས་སྒ་མཁན་གྱིས་མི་ཤེད་ཆེན་ཁ་ཤས་ཁྲིད་ཅིང་། ས་མཐོ་དང་ནགས་མང་ས་ལ་ཉིན་མ་མང་པོ་འདུག་རྒྱུ་བྱས་ཏེ་ཟ་རྒྱུ་དང་གྱོན་རྒྱུ། གུར་ཕུབ་རྒྱུ། མེ་ཆ། ཐབ་ཆ།སྐྱོགས། རྟ་རེ། རྐོ་མ། ཁོལ་མོ། རྟ་ཟོག་སོགས་ཆ་ཚང་བ་གྲ་བསྒྲིགས་བྱས་ནས་ད་གཟོད་ལམ་ལ་ཆས་དགོས། མེ་མདའ་དང་གྲི་བཅས་ཀྱང་ཡག་པོ་ཁུར་རྒྱུ་ཡོད་ན་ཁྱེར་དགོས་པ་ལས་གཅན་གཟན་སོགས་ཀྱི་ཉེན་ཁ་ཆེ་བས་ཤིན་ཏུ་གཟབ་རྒྱུ་གལ་ཆེ་བ་ཡིན་ནོ།།

  སྒ་མཁན་གྱིས་ལས་རོགས་རྣམས་ཁྲིད་ནས་ནགས་ནང་དུ་སྒ་ཤིང་ཕུད་སའི་ས་ཆ་རྣམས་འཚོལ་དགོས། སྒ་ཤིང་བྱེད་ཆོག་པའི་སྡོང་རྐུབ་རྙེད་རྗེས་དེའི་རྩ་བ་ལ་དོང་ཆེན་པོ་བརྐོས་ནས། ཡང་སྒ་མཁན་གྱིས་རྩ་བ་དེ་རང་འགུག་ཡིན་མིན་ལ་བརྟག་དཔྱད་ཞིབ་མོ་བྱེད་དགོས། སྡོང་པོའི་རྩ་བ་རང་འགུག་ཡིན་མིན་གྱི་གནས་ཚུལ་ཤེས་རྗེས་ད་གཟོད་སྒ་ཤིང་མི་ཉན་པ་རྣམས་སྐྱུར་རྒྱུ་དང་། སྒ་ཤིང་རང་འགུག་ཡིན་པའི་རྩ་བ་རྣམས་ཕུད་དགོས། སྒ་ཤིང་རྣམས་ཕུད་ཚར་རྗེས་སྒ་མཁན་གྱིས་ཆེ་གཞོག་བྱས་ནས་རྟ་ཟོག་སོགས་ལ་ཁལ་འགེལ་བདེ་མོ་བྱས་ནས། སྒ་མཁན་གྱིས་རང་ཁྱིམ་དུ་ཁུར་འོང་། དེ་རྗེས་ཟླ་བ་ལྔའམ་དྲུག་གམ་ཡང་ན་ལོ་གཅིག་གཉིས་ལ་བསྐམས་བཅུག་ནས་བཞག་དགོས་ཤིང་། བསྐམས་ཚར་རྗེས་ད་གཟོད་རྟ་སྒ་གཞོག་རྒྱུའི་འགོ་འཛུགས་དགོས་སོ།།

  དེ་ནས་སྒ་མཁན་ཞིག་མངགས་ནས་རྟ་སྒ་བཞོག་བཅུག་དགོས། རྟ་སྒ་སྔ་རུ་ཆ་ཚང་བ་བཞོགས་ཚར་རྗེས་སྔ་རུའི་ངོས་ལ་སྲོལ་རྒྱུན་གྱི་རི་མོ་ལྟར་པ་ཏྲའི་རི་མོ་རྣམས་ལྕགས་རྫོང་གིས་བརྐོས་བརྒྱབ་ནས་མཛེས་ཆ་ཡག་པོ་དོད་དགོས། དེ་ནས་སྒ་ཕྱི་རུ་བཞོགས་ནས་སྒའི་ཁ་སོ་ལ་རི་མོ་དང་འབུར་ཆ་བཅས་ཚ་ཚང་བརྐོས་ནས། སྒ་སྔ་རུ་དང་ཕྱི་རུ་གཉིས་ཆ་ཚང་བ་བཞོགས་ཚར་རྗེས་ད་གཟོད་སྔོན་གྱི་རྟ་སྒ་བདེ་མོ་ཞིག་ལ་དཔེ་བལྟས་ནས། སྒའི་ཡོག་མ་རེ་ལ་ཤུར་ལམ་གྲུ་བཞི་མ་གཉིས་སྤྲད་ནས་འཕྲོད་ཐབས་ཡག་པོ་བྱེད་དགོས།དེ་རྣམས་ཚང་མ་ཚར་རྗེས་ད་གཟོད་རྟ་སྒ་བཞོགས་ཚར་བ་ཡིན་ནོ།།

  སྒ་བཅའ་ཞེས་པ་ནི་རྟ་སྒ་བཞོགས་ཚར་རྗེས་སྒ་ལ་ཕྱིང་པའམ་ཉལ་ཐུལ་བཅས་གང་རུང་ཞིག་གིས་ནང་ཤ་བརྒྱབ་ནས་སྒ་འབོལ་དང་སྒ་ཤུབས་བཟོ་དགོས། སྒ་འབོལ་དང་སྒ་ཤུབས་བཟོས་ཚར་རྗེས་སྒའི་གཡོན་ཟུར་དུ་ཀོ་རྒྱུན་སོར་དོ་གསུམ་ཅན་གྱི་གློ་དང་གཡས་ཕྱོགས་སུ་གློ་སྡོམ་བྱེད་ཀྱི་ཆབ་མགོ་བཏགས་ནས། སྙེད་བཏགས་པ་དང་མཉམ་དུ་ཀོ་དམར་རམ་ཤ་སྤགས་སོགས་ཀྱིས་བཟོས་པའི་རྟའི་རྔ་མའི་ཞབས་ལ་མི་གནོད་ཐབས་ཀྱི་སྙེད་ལྗུབ་ཡག་པོ་བཟོས་ནས་སྙེད་སྒྲོག་ཀྱང་བཟོ་དགོས། དེ་ཡང་རབ་ན་སྒ་ཤིང་གི་ཡོག་མ་གཉིས་ཀྱི་འོག་ཏུ་རྟ་ལ་མི་གནོད་ཐབས་ཀྱི་ཡོག་མ་ཆ་གཅིག་བཟོས་ནས། ཡོག་མའི་ནང་དུ་འཇོག་པའོ།། 

  སྟ་རེ་ཆེན་པོ་དང་། སྟ་རེ་ཆུང་ཆུང་། སྟའུ་རྩེག སྟའུ་རྩེག་ཁ་ཝོར། རྫོང་རིང་པོ། རྫོང་ཐུང་ཐུང་། རྫོང་ཁ་ཝོར། འབིགས་ཆེན། འབིགས་ཆུང་། འབིགས་ཁ་ཝོར(ཝོར་ཞེས་པ་ནི་ཟླུམ་པོའི་དོན་ཡིན)། གསོར། ཁབ་ཆེན། གྲི་ཆུང་། སྒ་གཞོག་བྱེད་ཀྱི་ལག་ཆ་རྣམས་ནི་ཤིན་ཏུ་རྣོ་པོ་ཡིན་དགོས་ལ། གཞན་ཡང་སོག་བརྡར་དང་། ཀོ་རྒྱུན། ལྕགས་ཕྱིས་སོགས་ཀྱང་ཡོད་དོ།། ཞར་བྱུང་མདོ་མང་གི་སྒ་བཤད་པ་ལ། ལྷ་སྒང་ནགས་ལུང་མའི་མདོ་མང་གི་སྒ་ཞེས་པ་དེ་ནི་སུས་ཀྱང་འགྲན་ཟླ་མེད་པ་ཞིག་ཡིན་པར་བཤད་ཀྱང་། མཐོང་རྒྱུ་ཤིན་ཏུ་དཀོན་པོ་ཡིན། བཤད་སྲོལ་ལྟར་ན་རྟ་སྒ་དང་མཛོ་སྒ་ཅི་ཡིན་ཡང་རྟ་ཟོག་གི་རྒྱབ་ལ་སྟན་མེད་པར་སྒ་རྐྱང་རྐྱང་གཏོད་ནའང་། སེམས་ཅན་གྱི་རྒྱབ་ལ་རྨ་སོགས་གང་ཡང་མི་བྱེད་པའི་ལོ་རྒྱུས་དུ་མ་ཞིག་བཤད་སྲོལ་ཡོད་དོ། ། 

  • 顶 0