རྒྱུ་སྐར་ཉེར་བརྒྱད་ཀྱི་བརྟག་ཚུལ།

2019-01-29
0

 

 རྒྱུ་སྐར་ཉེར་བརྒྱད་སོ་སོའི་དབང་བའི་ཉིན་འཐིབ་དྭངས་དང་རླུང་དང་ཆར་བ་ཡོད་མེད་བརྟག་པ་ནི།    མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། །ཁྲུམས་སྨད་དག་ལ་རླུང་ཆར་མང་། །ནམ་གྲུའི་ཉི་མར་གནམ་ཐང་འགྱུར། །ཐ་སྐར་བྲ་ཉེར་རླུང་ཆེན་དང་། །གྲང་ངད་ཆེན་པོ་འབྱུང་བར་འགྱུར། །སྨིན་དྲུག་སྣར་མ་གཉིས་ཀྱི་ཉིན། །གནམ་ཁང་འཇམ་ཞིང་ཤིན་ཏུ་དྭངས། །མགོ་དང་ལག་དང་ནབས་སོ་དང་། །རྒྱལ་གྱི་ཉི་མར་ཉི་མ་གསལ། །སྐག་མཆུ་གྲེ་དབོ་ཉིན་དག་ལ། །འཐིབ་ཀྱང་དྭངས་པར་འགྱུར་བ་ཡིན། །མེ་བཞི་ནག་པ་གཉིས་ཀྱི་ཉིན། །ཆར་བ་ཉུང་བར་འགྱུར་བ་དང་། །རླུང་ཆར་རི་ཡི་རྐེད་པར་རྒྱུ། །སྐར་མ་ས་རིའི་ཉི་མ་ལ། །བྱེ་མ་འདྲེས་པའི་རླུང་ཆེན་ལྡང་། །ས་ག་དང་ནི་ལྷ་མཚམས་དང་། །སྣྲོན་སྣྲུབས་བཞི་ཡི་ཉི་མ་ལ། །རླུང་སྒྲ་སྒྲོགས་ཅིང་ཆར་བ་ཡོད། །ཆུ་སྟོད་ཆུ་སྨད་གཉིས་ཀྱི་ཉིན། །ཅུང་ཟད་འཐིབ་ལ་ཆར་བ་ཉུང་། །གྲོ་བཞིན་བྱི་བཞིན་གཉིས་ཀྱི་ཉིན། །ཅུང་ཟད་འཐིབ་ཅིང་ཆར་བ་ཡོད། །འདི་ཡན་དཔྱིད་ཀྱི་དུས་ལའོ།7།མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། །ཁྲུམས་སྨད་དག་ལ་ཅུང་ཟད་འཐིབ། །ནམ་གྲུ་ཐ་སྐར་བྲ་ཉེའི་ཉིན། །ཆར་བ་ཕྲན་བུ་ཕྲན་བུ་འབབ། །སྨིན་དྲུག་སྣར་མ་གཉིས་ཀྱི་ཉིན། །ཆར་བ་ཡོད་པར་འགྱུར་བ་ཡིན། །མགོ་ལག་གཉིས་ཀྱི་ཉི་མ་ལ། །ནམ་མཁར་སྤྲིན་པ་འཐིབ་པར་འགྱུར། །ནབས་སོ་རྒྱལ་དང་སྐག་མཆུ་སྟེ། །བཞི་ལ་འབབས་སམ་ཡང་ན་ཐངས། །གྲེ་དབོ་མེ་བཞི་གསུམ་གྱི་ཉིན། །སྤྲིན་མེད་ཤིན་ཏུ་དྭངས་པར་འགྱུར། །ནག་པ་ས་རི་གཉིས་ཀྱི་ཉིན། །ཉི་མ་མཐོང་བར་འགྱུར་བ་ཡིན། །ས་ག་ལྷ་མཚམས་གཉིས་ཀྱི་ཉིན། །རླུང་ཆེན་ཆར་ཆེན་འབྱུང་བར་འགྱུར། །སྣྲོན་སྣྲུབས་གཉིས་ཀྱི་ཉི་མ་ལ། །ཆར་བ་ངང་གིས་ཡོད་པར་འགྱུར། །ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། །བྱི་བཞིན་ལ་ནི་ཐངས་པར་འགྱུར། །འདི་ཡན་དབྱར་གྱི་དུས་སུའོ།7།མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། །ཁྲུམས་སྨད་དག་ལ་འབྲུག་གི་སྒྲ། །དྲག་པོ་གྲགས་པར་འགྱུར་བ་ཡིན། །ནམ་གྲུ་ཐ་སྐར་བྲ་ཉེ་དང་། །སྨིན་དྲུག་དག་ལ་ཆར་བ་ནི། །ཤར་ཤར་སྒྲ་བཅས་འབབ་པར་འགྱུར། །སྣར་མ་མགོ་ལག་ནབས་སོ་ལ། །ཐངས་རྗེས་ཆར་བ་ཡང་འབབ་འགྱུར། །རྒྱལ་སྐག་གཉིས་ཀྱི་ཉི་མ་ལ། །སྤྲིན་གསལ་མགྲོན་པོ་ལམ་དུ་འཇུག །མཆུ་གྲེ་དབོ་དང་མེ་བཞི་ཡི། །ཉི་མར་ཆར་བ་འབབ་མི་འགྱུར། །ནག་པ་ས་རི་གཉིས་ཀྱི་ཉིན། །ཆར་སྒྲ་རླུང་སྒྲ་འབྱུང་བར་འགྱུར། །ས་ག་ལྷ་མཚམས་སྣྲོན་སྣྲུབས་ཀྱི། །ཉི་མར་ཆར་བ་ངེས་པར་འབབ། །ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། །བྱི་བཞིན་བཞི་ཡི་ཉི་མ་ལ། །ཆར་བ་སིམ་སིམ་འབབ་པར་འགྱུར། །འདི་ཡན་སྟོན་གྱི་དུས་སུའོ།7།མོན་གྲུ་མོན་གྲེ་ཁྲུམས་སྟོད་དང་། །ཁྲུམས་སྨད་དག་གི་ཉི་མ་ལ། །རླུང་དང་ཆར་བ་མང་བ་ཡིན། །ནམ་གྲུ་མཆུ་ཉིར་ཐངས་པར་འགྱུར། །ཐ་སྐར་བྲ་ཉེ་གཉིས་ཀྱི་ཉིན། །ཆར་བ་སྒྲ་བཅས་གྲང་དང་ཆེ། །སྨིན་དྲུག་སྣར་མ་གཉིས་ཀྱི་ཉིན། །ནམ་མཁའ་དྭངས་པར་འགྱུར་བ་ཡིན། །མགོ་དང་ལག་པ་གཉིས་ཀྱི་ཉིན། །ཕྲལ་དུ་ཐངས་པར་འགྱུར་བ་ཡིན། །ནབས་སོ་རྒྱལ་གྱི་ཉི་མ་ལ། །ནམ་མཁའི་མདོག་ནི་སེར་པོར་འགྱུར། །སྐག་གི་ཉི་མར་སྤྲིན་པ་ལྡང་། །གནམ་གྲང་ཆར་རླུང་སད་འབད་འགྱུར། །གྲེ་དབོ་གཉིས་ཀྱི་ཉི་མ་ལ། །ཆར་རླུང་རྗེས་སུ་ཉི་མ་མཐོང་། །མེ་བཞི་ནག་པ་གཉིས་ཀྱི་ཉིན། །མཚན་འབབ་ཉིན་མོ་ཐངས་པར་འགྱུར། །སྐར་མ་ས་རི་ཉི་མ་ལ། །ཕྱེ་མ་འདྲེས་པའི་རླུང་ཆེན་ལྡང་། །ས་ག་ལྷ་མཚམས་སྣྲོན་སྣྲུབས་ཉིན། །ཆར་རླུང་དག་གི་སྒྲ་ཐོས་འགྱུར། །ཆུ་སྟོད་ཆུ་སྨད་གཉིས་ཀྱི་ཉིན། །ཆར་བ་ཡོད་པར་འགྱུར་བ་ཡིན། །གྲོ་བཞིན་བྱི་བཞིན་གཉིས་ཀྱི་ཉིན། །ཤིན་ཏུ་འཐིབ་རྗེས་ཡང་ཐངས་འགྱུར། །འདི་ཡན་དགུན་གྱི་དུས་སུའོ། ། 

  • 顶 0