ཤིང་ཕོར།

2018-11-26
0

         

   ཤིང་ཕོར་ནི་དཀར་ཡོལ་གྱི་རྒྱུ་ཆ་མིན་ལ་གསེར་ཟངས་དངུལ་ལྕགས་སོགས་ལས་གྲུབ་པའང་མ་ཡིན་ཏེ། ཀུན་ལ་ཆེས་ཆ་རྒྱུས་ཡོད་པའི་ཤིང་རྒྱུ་ཆར་བྱས་པའི་ཤིང་ཕོར་རམ་ཅ་ནེ་དཀྱུས་མ་དེ་རིགས་ཡིན།   

    ངོ་སྤྲོད།      

  གནའ་བོའི་གཏམ་དཔེ་རུ་ཕུར་ཁ་བྲང་ཁར་སྦྱར་ཞེས་པ་ལྟར།  དེ་ཡང་བོད་ཀྱི་ཡུལ་གྲུ་སྟོད་སྨད་བར་གསུམ་གང་དུ་འགྲོ་ནའང་རྒྱང་རིང་གི་མགྲོན་པོ་དག་ལ་དགོད་པའི་འཛུམ་དང་དྲི་ཞིམ་མངར་ཇ་ཡང་ན་དཀྲུགས་ཇ། འོ་ཇ། ནས་ཆང་སོགས་ཀྱི་བཏུང་བ་དང་། ཤ་མར་ཐུད་གསུམ་དང་། རྩམ་པ་ཐུག་པ་སོགས་ཟས་ཀྱིས་སྟོན་མོ་ཐོབ་ངེས་ཀྱང་། ཕྱོགས་སོ་སོའི་བདག་པོས་དང་ཐོག་མགྲོན་པོར་ཟས་སྣོད་ཕོར་བ་མི་སྤྲོད་ཞིང་ཁོ་རང་གིས་རུམ་ནས་བླངས་པར་སྒུག་སྲོལ་ཡོད།  སྔར་ནས་བརྒྱུད་པའི་ལུགས་སྲོལ་དེ་ནི་རང་རེའི་མི་རིགས་འདིས་རང་གི་ཕོར་རར་རྩ་ཆེན་བྱེད་པ་དང་།  འཕྲོད་བསྟེན་ལ་མཐོང་ཆེན་བྱས་པ་ཤུགས་ནས་གསལ་པོ་གོ་ཐུབ། རང་རིགས་ཨ་མྱེས་ཡང་མྱེས་སྐབས་ནས་རུམ་དུ་བཅུག་ནས་ཁུར་པའི་ཕོར་བ་དེ་ནི་དཀར་ཡོལ་གྱི་རྒྱུ་ཆ་མིན་ལ་གསེར་ཟངས་དངུལ་ལྕགས་སོགས་ལས་གྲུབ་པའང་མ་ཡིན་ཏེ། ཀུན་ལ་ཆེས་ཆ་རྒྱུས་ཡོད་པའི་ཤིང་ཕོར་རམ་ཅ་ནེ་དཀྱུས་མ་དེ་རིགས་ཡིན།

  སྤྱིར་བོད་ཀྱི་ཡུལ་གྲུ་འདིར་ཤིང་ཕོར་བཟོ་ཡུལ་གང་དང་གང་ཡོད་ཅེས་ཐག་གཅོད་བྱེད་མི་ཐུབ་ཀྱང་། ཡོངས་གྲགས་སུ་ལྷོ་ཁའི་རྒྱ་ཚ་ཡི་ཤིང་ཕོར་དང་། ཉིང་ཁྲིའི་མེ་ཏོག་གི་མོན་གྱི་ཤིང་ཕོར། བདེ་ཆེན་ཀོང་རྩེད་ར་ཡི་ཤིང་ཕོར་གསུམ་ནི་མི་རྣམས་ཀྱི་ངག་ཏུ་གྲགས། རྒྱ་ཚའི་ཤིང་ཕོར་དང་མོན་གྱི་ཤིང་ཕོར་ལ་ཆ་རྒྱུས་མི་ལྡན་པས་འདི་དང་དེ་ཞེས་ཚིག་ཉོག་བཤད་མ་ཕོད་ལ། འདིར་ཀོང་རྩེད་ར་ཡི་ཤིང་ཕོར་སྐོར་ཚིག་གསུམ་ཞུ།    ཡུལ་གྲུ་གཞན་པ་རུ་ཀོང་རྩེད་ར་ཡི་ཤིང་ཕོར་ཞེས་མིང་དུ་གྲགས་ནའང་དོན་དངོས་སུ་ཤིང་ཕོར་དེ་དག་གི་འབྱུང་ཡུལ་དངོས་ནི་ཀོང་རྩེད་ར་མིན་པར་ཡུལ་དེ་དང་ཐག་ཉེ་བའི་ཀླུང་ནགས་ཞེས་པའི་གྲོང་སྡེ་ཆུང་ཆུང་ཞིག་ཡིན།  བདེ་ཆེན་ཁུལ་དུ་འཚོ་གནས་བྱེད་པའི་སྐྱེ་བོ་མང་ཤོས་ཀྱང་གསལ་བོ་ཤེས་ཀྱིན་མེད། སྨྱུག་ཐོགས་པས་ཉམས་མྱོང་རྒན་པོ་མི་ཉུང་བར་སྐད་ཆ་དྲིས་མཐར་མི་རབས་འགའི་རིང་དུ་ཀོང་རྩེད་རའི་ཤིང་ཕོར་ཞེས་འབོད་པ་དེ་དོན་དངོས་སུ་ཀླུང་ནགས་ཤིང་ཕོར་ཡིན་པ་གསལ་པོར་ཤེས་སོང་།   ཀླུང་ནགས་ནི་ཇ་རྟ་གནའ་ལམ་གྱི་བབས་ཚིགས་གལ་ཆེན་ཀོང་རྩེད་ར་ཡི་ཤར་ལྷོ་ཕྱོགས་སུ་གནས་ཤིང་གསེར་ལྡན་འབྲི་ཆུའི་ནུབ་ངོགས་སུ་ཆགས།

    རིགས་དབྱེ་དང་བཟོ་སྟངས།     

  ཀླུངས་ནགས་ཀྱི་དུད་ཚང་མི་ཉུང་བས་ཤིང་ཕོར་དང་། སྤ་རུ། ཤིང་སྡེར། ཤིང་ཀོང་། མར་སྤ། ཟ་རུ་སོགས་ཤིང་ཆས་འདྲ་མིན་བཟོ་སྲོལ་ཡོད་ལ། ཀླུངས་ནགས་ཀྱི་ཤིང་ཆས་འདྲ་མིན་ལས་གཙོ་བོ་ཤིང་ཕོར་ཡིན་པ་དང་། ཤིང་ཕོར་བཟོ་བའི་རྒྱུ་ཆ་ནི་རྫབ་དང་། སྤེན་རྩ། སྒྲོན་སྲིན། ལ་པ། གཡང་སྡོང་སོགས་སུ་དབྱེ་རྒྱུ་ཡོད་ལ། རྒྱུ་ཆ་དེ་དག་ནི་སྟུག་པའི་ནགས་གསེབ་ཏུ་ཤིང་འཛེར་པ་ལས་བྱུང་ཞིང་། སྤྱོད་སྒོ་ཡོད་པའི་འཛེར་པ་མཐོང་དུས་འཛེར་པ་ཧྲིལ་པོ་ཤིང་སྡོང་ནས་གཅོད་དགོས་པ་ལས་སྡོང་པོ་རང་ལ་གནོད་པ་བྱ་རྒྱུ་མེད། དེའང་རྫབ་དང་ལ་པ་ནི་ཤིན་ཏུ་ཐོབ་དཀའ་ཞིང་ལས་བསྐྲུན་བྱས་རྗེས་ཀྱི་ཤིང་ཆས་རི་མོ་གསལ་ཞིང་མདོག་ཡག་པས་མི་ཀུན་གྱིས་བརྩི་མཐོང་བྱས་ཏེ་རིན་གོང་མཐོ་པོ་སྤྲོད་པ་ཡིན།  བཤད་སྲོལ་དུ་ནགས་གསེབ་དུ་རྫབ་དང་ལ་པ་མཐོང་བ་དང་རྒྱབ་གོས་སོགས་ཀྱིས་བཀབ་དགོས་པ་ལས་ཤིང་འཛེར་དེ་བྲོས་འགྲོ་སྲིད།  ཤིང་འཛེར་དེ་དག་ཁྱིམ་དུ་ཁུར་ཡོང་རྗེས་ཐོག་མར་ཕྱི་དབྱིབས་རགས་ཙམ་བརྐོ་དགོས་པ་དང་། དེ་ནས་ཆུ་ནང་དུ་བཙོ་དགོས་ཤིང་བཙོ་ཡུན་ནི་ཉམས་མྱོང་ཡོད་མཁན་ཚོས་ཤིང་འཛེར་ལ་བརྟེན་ནས་རྒྱུས་ལོན་བྱ་དགོས་པ་ལས་དུས་ཚོད་གཏན་འཁེལ་དེ་འདྲ་མེད། བཙོས་ཟིན་པའི་ཤིང་འཛེར་དེ་དག་སྐམ་ནས་ཉི་མ་འགའ་སོང་རྗེས་བཟོ་དགོས་པའི་ཤིང་ཆས་ལྟར་དབྱིབས་འདྲ་མིན་དུ་བཟོས་རྗེས་གཞི་ནས་ཤིང་ཕོར་དང་སྤ་རུ། ཤིང་སྡེར། ཤིང་ཀོང་།མར་སྤ། ཟ་རུ་སོགས་ཤིང་ཆས་འདྲ་མིན་དུ་བརྐོ་དགོས།

  

  • 顶 0