དགའ་ལྡན་ལྔ་མཆོད་དང་འབྲེལ་ཏེ་རྗེ་རིན་པོ་ཆེ་རྣམ་ཐར་བརྗོད་པ།

2018-12-03

 

   བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ནི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་དུས་མཆོད་གྱི་ཉིན་མོ་ཞིག་ཡིན་པ་རེད།  རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ་སྟེ་སྤྱི་ལོ1357ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས་ཤིང་། རྗེ་བདག་ཉིད་ཆེན་པོ་འདི་པས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་། དགའ་ལྡན་སྒྲུབ་མཆོད་ཆེན་མོ། གཉལ་གྱི་ལུང་ར་ཆེན་མོ། རྫིང་ཕྱིའི་བྱམས་པ་ཞིག་གསོ་བྱས་པ་སོགས་ཀྱི་མཛད་འཕྲིན་བླ་ན་མེད་པ་བགྱིས།

   ཁོང་ཉིད་རབ་བྱུང་བདུན་པའི་ས་ཕག་ལོ་སྟེ་སྤྱི་ལོ1419ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཏེ་དགུང་གྲངས་རེ་གསུམ་པའི་སྟེང་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་རྫོགས། དེའི་ཕྱིའི་ལྕགས་བྱི་ལོ་སྟེ་སྤྱི་ལོ1420ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་མེད་གསུམ་དང་། ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིགས་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་པ་དང་མཉམ་དུ། ཆོས་རྗེ་ཤྰཀྱ་ཡེ་ཤེས་གདན་དྲངས་ཏེ་དགེ་འདུན་མང་པོས་ཆོས་ཀྱི་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་། དེང་སང་གི་བར་དུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་བོད་ཡུལ་ཆོལ་ཁ་གསུམ་དུ་དད་ལྡན་མང་ཚོགས་ཀྱིས་མཆོད་པ་འབུལ་བ་དང་། ཕྱག་འཚལ་བ། སྨྱུང་གནས་སྲུང་བ། དམིགས་བརྩེ་མ་ཟློ་བ། དཀར་བའི་ལས་བགྱི་བ་སོགས་ཆོས་ཀྱི་ཆོ་ག་རྒྱ་ཆེན་པོ་བྱེད་པའི་སྲོལ་འདི་བྱུང་ཞིང་། དུས་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་དེའི་ཐོག་ནས་སེར་སྐྱ་ཡོངས་ཀྱིས་རྗེ་བདག་ཉིད་ཆེན་པོར་སྙིང་དབུས་ནས་དད་གུས་ཀྱིས་རྗེས་དྲན་ཞུ་བ་མཚོན་པར་བྱེད་ཀྱིན་ཡོད་པ་རེད།

   དགུང་ལོ་ང་གསུམ་པ་ས་གླང་སྤྱི་ལོ་1409ལོར་ལྷ་ས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཆོད་ཚོགས་བཙུགས་པ་དང་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བསང་སྔོན་མོ་ཕུད་དེ་རང་རེའི་བོད་རྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་ལ་སྐུ་དྲིན་ཤིན་ཏུ་ཆེ་བའི་རྗེ་ཙོང་ཁ་བ་ཆེན་མོར་རྗེས་དྲན་དང་མྱ་ངན་བྱེད་པའི་ཆེད་དུ་བཙུགས་པའི་རྗེས་དྲན་གི་ཉི་མོ་ཞིག་ཆགས་ཡོད།ཕྱིས་སུ་འདི་ཉིད་རིམ་བཞིན་བོད་ཆོལ་ཁ་གསུམ་དུ་དར་བ་དང་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ་ཡུལ་ཕྱོགས་མང་བོའི་དགོན་པ་དང་གྲོང་བའི་ཁང་ཀླད་དུ་མཚན་མོར་མར་དང་གཡིས་ཀྱི་མཆོད་མེ་དང་གློག་སྒྲོན་ཕྲེང་བསྒྲིགས་ནས་མཆོད་པ་འབུལ་ལ་དེ་ལ་ཡོངས་གྲགས་སུ་གླིང་མེ་ཟེར།   དད་ལྡན་གྱི་མཇལ་བ་རྒན་དར་གཞོན་གསུམ་ཀྱིས་ཀྱང་དགོན་སྡེ་དང་རྟེན་རྩ་ཆེན་བཞུགས་སའི་ལྷ་ཁང་ལ་ཕྱག་མཆོད་དང་མཚན་བསྐོར་སོགས་བརྒྱབ་ན་ནི་དགེ་བ་ལྡབ་འགྱུར་གྱིས་འཕེལ་བའི་དུས་ཆེན་ཞིག་ལ་བརྩི་བས།   ཉིན་དེར་དགེ་བར་འབད་ཅིང་སྡིག་པར་འཛེམ་པའི་ཡུལ་སྲོལ་བཟང་བོ་ཞིག་ཀྱང་ཆགས་ཡོད་ལ།   གྲྭ་བཙུན་དང་མཇལ་བ་རྣམས་ཀྱིས་ལག་ཏུ་བདུག་སྤོས་ཁྱེར་ནས་རྗེ་རིན་པོ་ཆེའི་གསོལ་འདེབས་སྙན་ཞིང་འཇེབས་པའི་དབྱངས་རྟ་རུ་བཀུགས་ནས་ཆོས་སྒྲས་ཡུལ་ལུང་ཁྱབ་པས་ཉན་ན་སེམས་སྤྲོ་བ།   བསམ་ན་ཡིད་དགའ་བའི་སྣང་བ་བཅོས་མིན་དུ་སྟེར་ལ།ལྷག་པར་དུ་འདི་ལྟ་བུའི་དུས་ཆེན་དུ་བོད་མི་རིགས་ཀྱིས་སྤྱིར་བཏང་ན་སངས་རྒྱས་ཀྱི་བསྟན་པ་དང་སྒོས་སུ་འགྲོ་དོན་རྒྱ་ཆེར་སྤེལ་བའི་སྐྱེས་བུ་དམ་པ་རྣམས་ལ་སྙིང་ཁོང་ནས་དད་གུས་ཚད་མེད་དང་རྗེས་དྲན་ཞུ་བཞིན་པའི་བླ་མེད་ཀྱི་སྤྱོད་པ་གསལ་བར་མངོན་ཡོད།

   སྟོད་དབུས་གཙང་གི་ཡུལ་གྲུ་ཁག་གཅིག་ཏུ་ལྔ་མཆོད་ཀྱི་དགོང་མོར་རྗེ་ཙོང་ཁ་བ་ཆེན་མོར་དད་སེམས་མཚོན་བྱེད་དུ་མྱང་ཐུག་ཅེས་པའི་བག་ཐུག་ངེས་པར་དུ་འཐུང་དགོས་པ་དང༌།བོད་ཀྱི་མི་རྣམས་ཀྱིས་དགའ་ལྡན་ལྔ་མཆོད་ནས་བཟུང་དགུན་ཁ་དངོས་སུ་སླེབས་པའི་རྟགས་དང་མཚན་མར་འཛིན་ལ།  གནའ་སྔ་མོར་དཔོན་རིགས་མི་འདྲ་བ་རྣམས་ཀྱིས་ཀྱང་དགུན་ཆས་གྱོན་པའི་ཡུལ་སྲོལ་ཡོད་པ་རེད།

 

 

  ༄༅། ། རྗེ་རིན་པོ་ཆེའི་རྣམ་ཐར་ལོ་ཚིགས་རབ་གསལ།

  སྤྱི་ལོ་1357 (དགུང་ལོ 1) ཨ་མདོ་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས།

  སྤྱི་ལོ1359 (དགུང་ལོ3 ) ཀརྨ་པའི་མདུན་ནས་དགེ་བསྙེན་བསྒྲུབས།

  སྤྱི་ལོ1363(དགུང་ལོ7 ) ཆོས་རྗེ་དོན་རིན་པའི་མདུན་ནས་དགེ་ཚུལ་བསྒྲུབས།

  སྤྱི་ལོ1364 (དགུང་ལོ8 ) རྒྱལ་ཚབ་དར་མ་རིན་ཆེན་སྐུ་འཁྲུངས།

  སྤྱི་ལོ1372(དགུང་ལོ16)དབུས་སུ་ཕེབས།

  སྤྱི་ལོ1373(དགུང་ལོ17 )དབུས་སུ་འབྱོར།

  སྤྱི་ལོ1375 (དགུང་ལོ19 ) དབུས་སུ་ཐོག་མའི་གྲྭ་སྐོར་མཛད།

  སྤྱི་ལོ1378 (དགུང་ལོ22 ) རྗེ་རེད་མདའ་བ་དང་ཐོག་མར་མཇལ། བློ་གསལ་བགྲོད་པའི་ཐེམ་སྐས་མཛད།

  སྤྱི་ལོ1385 (དགུང་ལོ28 )མཁས་གྲུབ་རྗེ་སྐུ་འཁྲུངས།

  སྤྱི་ལོ1388 (དགུང་ལོ31 )ལེགས་བཤད་གསེར་ཕྲེང་བརྩམས།

  སྤྱི་ལོ1392 (དགུང་ལོ36 ) འོལ་ཁར་བྱ་བྲལ་ལ་ཕེབས།

  སྤྱི་ལོ1393(དགུང་ལོ38)འོལ་ཁར་རྫིང་ཕྱི་བྱམས་པ་ཞིག་གསོ་མཛད། མཛད་ཆེན-1

  སྤྱི་ལོ1395(དགུང་ལོ39)ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་མཇལ།

  སྤྱི་ལོ1396 (དགུང་ལོ40 )རྒྱབ་ཚབ་རྗེ་ལ་ཐོག་མ་མཇལ། གཉལ་གྱི་ལུང་ར་ཚུགས། མཛད་ཆེན།-2

  སྤྱི་ལོ1397 (དགུང་ལོ41 )རྟེན་འབྲེལ་བསྟོད་པ་བརྩམས།

  སྤྱི་ལོ1402 (དགུང་ལོ46 )རྭ་སྒྲེང་དུ་ལམ་རིམ་ཆེན་མོ་དང་། ལམ་མཆོག་སྒོ་འབྱེད། ལམ་རིམ་ཆུང་ངུ་བརྩམས།

  སྤྱི་ལོ1403 (དགུང་ལོ47 )རྭ་སྒྲེང་དུ་བྱང་སའི་ཚུལ་ཁྲིམས་ལེའུ་དང་། རྩ་ལྟུང་དང་བླ་མ་ལྔ་བཅུ་པའི་རྣམ་བཤད་མཛད།

  སྤྱི་ལོ1405 (དགུང་ལོ49 ) འོལ་ཁ་བྱམས་པ་གླིང་དུ། སྔགས་རིམ་ཆེན་མོ་དང་ཀླུ་བྱང་གི་རྣམ་གཞག་པའི་ཊཱིཀ་མཛད།

  སྤྱི་ལོ1408 (དགུང་ལོ52 ) མཁས་གྲུབ་རིན་པོ་ཆེ་རྗེ་ལ་ཐོག་མར་མཇལ།  དྲང་ངེས་དང་རྩ་ཤེའི་ཊཱིཀ་ཆེན་མཛད།

  སྤྱི་ལོ1409 (དགུང་ལོ53 )དགའ་ལྡན་དགོན་ཕྱག་བཏབ། ལྷ་ལྡན་སྨོན་ལམ་ཆེན་མོ་དབུ་འཛུགས། མཛད་ཆེན།-3

  སྤྱི་ལོ1410 (དགུང་ལོ54 ) དགའ་ལྡན་དུ་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་རྣམ་བཤད། བཤད་རྒྱུད་ལྷ་མོ་བཞིས་ཞུས་པ་མཛད།

  སྤྱི་ལོ1411 (དགུང་ལོ55 ) དགའ་ལྡན་དུ་རིམ་ལྔ་གསལ་སྒྲོན་མཛད་པ་དང་རིམ་ལྔ་གདན་རྫོགས་མཛད།

  སྤྱི་ལོ1412 (དགུང་ལོ56 )རྗེ་རེད་མདའ་བ་སྐུ་བཤེགས།

  སྤྱི་ལོ1414 (དགུང་ལོ58 ) རྗེ་དགེ་འདུན་གྲུབ་མཇལ། འགྲེལ་བ་བཞི་སྦྲགས་མཛད།

  སྤྱི་ལོ1415(དགུང་ལོ59 )ལམ་རིམ་འབྲིང་པོ་མཛད། དགའ་ལྡན་སྒྲུབ་མཆོད་བཙུགས། མཛད་ཆེན-4

  སྤྱི་ལོ1418 (དགུང་ལོ62 ) མཇུག་ཊཱིཀ་དགོངས་པ་རབ་གསལ་དང་བདེ་མཆོག་རྩ་རྒྱུད་ཀྱི་ཊཱིཀ་མཛད།(སྦས་དོན་ཀུན་གསལ་ཞེས་ཀྱང་ཟེར)

  སྤྱི་ལོ1419 (དགུང་ལོ63 )རྗེ་སྐུ་ཞི་བར་བཤེགས་སོ།།

<