ཨ་མྱེས་ལྷ་རི།

2018-11-22
0

 

   རེབ་གོང་གླིང་རྒྱ་སྡེ་བའི་མིའི་ཆད་ཁུངས་འདི་ལྷ་སའི་མལ་གྲོ་གོང་དཀར་ནས་ཡིན་པར་དགོངས་ཏེ། དེ་ཚངས་པ་དཀར་པོ་ཟེར་བའི་དགོན་པ་ཞིག་ཀྱང་ཡོད་གསུངས། གླིང་རྒྱའི་མི་རྒྱུད་འདི་ཐོག་མར་ལྷ་ས་ནས་ཆད་ཡོང་དུས་ཁོ་ཚོའི་བསྟེན་པ་ལྷ་རི་དཀར་པོའང་ལྷ་སྐལ་དུ་ཁྲིད་ཡོང་བ་ཡིན་པས་ན། དེང་སང་ཁོ་ཚོའི་གཞི་བདག་གམ་གནས་རི་ལ་ཨ་མྱེས་ལྷ་རི་ཞེས་པར་འབོད།

   ངོ་སྤྲོད་མདོར་བསྡུས།

  དེ་ཡང་སོག་པོའི་བླ་མ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། རེབ་གོང་གླིང་རྒྱ་སྡེ་བའི་མིའི་ཆད་ཁུངས་འདི་ལྷ་སའི་མལ་གྲོ་གོང་དཀར་ནས་ཡིན་པར་དགོངས་ཏེ། དེ་ཚངས་པ་དཀར་པོ་ཟེར་བའི་དགོན་པ་ཞིག་ཀྱང་ཡོད་གསུངས། གླིང་རྒྱའི་མི་རྒྱུད་འདི་ཐོག་མར་ལྷ་ས་ནས་ཆད་ཡོང་དུས་ཁོ་ཚོའི་བསྟེན་པ་ལྷ་རི་དཀར་པོའང་ལྷ་སྐལ་དུ་ཁྲིད་ཡོང་བ་ཡིན་པས་ན། དེང་སང་ལྷ་སྐད་གསུངས་དུས་ཀྱང་། ང་སྟོད་ལྷ་ཡུལ་ན་བཞུགས་དུས་ལྷ་ཆེན་ཚངས་པ་དཀར་པོ་ཞེས་པ་ལྷ་ཡུལ་ཁམས་ཀྱི་ལྷ་ཆེན་ཚངས་པ་ལ་གོ་དགོས་པ་མ་ཡིན་ཏེ། སྟོད་ཉི་མ་ལྷ་ས་ན་བཞུགས་དུས་ཚངས་པ་དཀར་པོ་དགོན་པའི་ལྷ་སྲུང་གཉན་པོ་ཡིན་ཞེས་པའི་དོན་དུ་གོ་དགོས་ཟེར། གཞན་བཤད་རྒྱུན་ལ་ལར། གླིང་རྒྱ་ཚོ་སྡེའི་མིའི་ཆད་ཁུངས་ནི་དབུས་གཙང་འོད་དཀར་སྟོད་དེ། དེང་སང་མལ་གྲོ་གོང་དཀར་ནས་འདི་ཕྱོགས་སུ་རུ་ཆད་ཡོང་བའི་ཡབ་མེས་གོང་མ་འབྲི་རྒྱལ་བ་ཐར་བྱ་བའི་སྲས་རྡོ་རྗེ་རྒྱལ་པོ་ཁོང་སྨ་ར་ཨག་ཚོམ་འཇོལ་ལེར་སྐྱེས་ཡོད་པ་ཞིག་ལགས་པས། མཛོད་དགེ་གླིང་དཀར་སྟོད་ནས་ཐོག་མར་གཞིར་བཟུང་དུས་ཁོང་གི་མཚན་ལ་དབུས་པ་རྒྱ་ལྡང་ཞེས་འབོད་པར་གྲགས། རྗེས་སུ་འབོ་ར་ཨ་མཆོག་གི་ཡ་རུ་ས་ཆར་གཞི་བཟུང་སྐབས་ཡུལ་དེ་གའི་མིས་ཁོང་ལ་གླིང་དཀར་སྟོད་ཀྱི་གླིང་བ་རྒྱ་ལྡང་ཚང་ཞེས་འབོད་སྲོལ་བྱུང་བ་རིམ་པར་གླིང་རྒྱ་ཚང་ཞེས་བསྡུས་མིང་ཟུར་ཆག་པ་དང་། རེབ་གོང་ཕྱོགས་འདིར་གཞིས་ཆགས་པ་ནས་གླིང་རྒྱ་ཞེས་རྒྱུན་འབྱམས་སུ་འབོད་སྲོལ་བྱུང་བ་ཡིན་ཟེར། ཨ་མྱེས་ལྷ་རིའི་ཆ་བྱད་ནི། དམངས་ཁྲོད་འདོད་ཆོག་ལས། རབ་མཛེས་ལྷ་རི་དཀར་པོ་ནི།།འོད་འཕྲོས་ནོར་བུ་དབང་རྒྱལ་དབྱིབས།།དེ་དབུས་ཕོ་བྲང་ཡངས་པའི་ནང་།།རིན་ཆེན་མཛེས་པའི་ཁྲི་སྟེང་ན།།བསྟན་སྲུང་ལྷ་རི་དགེ་བསྙེན་ཆེ།།དུང་མདོག་རིན་ཆེན་རྒྱན་གྱིས་སྤྲས།། གང་འདུལ་ཆ་ལུགས་མང་དུ་སྟོན།། བསྟན་དང་བསྟན་འཛིན་སྐྱོང་བའི་མགོན།། མཐུ་ཆེན་ནུས་པ་དཔག་མེད་ལྡན།།ཞེས་གསུངས་པ་ལྟར་ན། ཨ་མྱེས་ལྷ་རི་ནི་ཞི་དྲག་མ་ངེས་པའི་ཆ་ལུགས་སྣ་ཚོགས་སྟོན་པ་ཞིག་གི་ཚུལ་དུ་འདུག

  རེབ་གོང་འདི་ཕྱོགས་སུ་རང་རང་གི་རིགས་རུས་རྒྱུད་ཆད་ཁུངས་ནས་བསྟན་པ་དང་སེམས་ཅན་གྱི་དོན་དུ་ལྷ་ཆོས་སྐྱོང་མ་དག་རང་གི་ལྷ་སྐལ་དུ་ཁྲིད་ཡོང་བ་གཞན་ཡང་ཡོད་དེ། དཔེར་ན།རྒྱལ་པོ་ཨ་མྱེས་སྟག་ལུང་ལྟ་བུ་དང་། ཡང་རོང་བོའི་ཨ་མྱེས་གུར་མགོན་ལ་མཚོན་ན། ཁྱུང་དཀར་པོ་གནམ་ལ་མཆོང་བའི་རི།།སྟག་ཁྲ་བོ་གྲ་འཛུམ་རྒྱས་པའི་ཟུར།། ས་རྡོ་རྗེ་འདྲ་བའི་སྐེད་པ་ནས།། མི་ཁྱེད་ཀྱིས་སྒྲུབ་བརྒྱུད་བསྟན་པ་སྤེལ།།ཞེས་ལུང་དུ་བསྟན་པ་ལྟར། ལྷ་རྗེ་བྲག་སྣ་པ་ཆེན་པོས་ས་སྐྱ་རོང་ཁོག་ནས་དཔལ་ལྡན་གུར་གྱི་མགོན་པོ་ཁོང་མདོ་སྨད་རེབ་གོང་གི་ཕྱོགས་འདིར་སྒྲུབ་བརྒྱུད་ཀྱི་བསྟན་པ་སྤེལ་སླད་ལྷ་སྐལ་དུ་ཁྲིད་ཡོང་བ་བཞིན་ནོ།།

  • 顶 0