ཞོ་སྟོན་དུས་ཆེན།

2017-05-03
0

 

སྔར་གྱི་ཟློས་གར་ལྷ་མོ་བ་འཕྱོངས་རྒྱས་སྤུན་བདུན་པ་དང༌། ཡར་ལུང་བཀྲ་ཤིས་ཞོལ་པ། རྒྱ་གར་ཆོས་རྫོང་པ། སྙེ་མོ་ཐོན་པ། བྱ་སྒོ་བ། གཅུང་རི་བོ་ཆེ་པ། སྐྱོར་མོ་ལུང་པ། ཤང་རི་བོ་ཆེ་པ། ཤེལ་རོང་འབྲོང་རྩེད། བྲོ་པ་མི་གཅིག་བཅས་ནས་བོད་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་རྩེ་ཕོ་བྲང་ཆེན་པོའི་བདེ་ཡངས་ཤར་དང་ནོར་གླིང་དུ་གཟིགས་ཕུད་ཕུལ་ཏེ་འབྲས་སྤུངས་སུ་རིམ་ཐོན་བྱེད་པ་དང༌། འབྲས་སྤུངས་ཕོ་བྲང་དུ་ལྷ་མོ་བ་རྣམས་ཀྱིས་གཟིགས་ཕུད་འབུལ། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་སྔ་དྲོ་འབྲས་སྤུངས་ནུབ་རིའི་ལྡེབས་སུ་སྟོན་པ་ཐུབ་པའི་དབང་པོ་གཙོ་གྱུར་གྱི་སྐུ་བརྙན་ཡོད་པའི་གོས་སྐུ་བཀྲམ་པའི་མདུན་ལྷ་མོ་བ་རྣམས་ཀྱིས་རིམ་པས་གཟིགས་ཕུད་ཕུལ་ཟིན་རྗེས་ཁམས་ཚན་ཐོབ་ཁུངས་ཁག་ལ་ལྷ་མོ་བ་རྣམས་ནས་རང་རང་སོ་སོའི་རྒྱལ་རབས་འཁྲབ་སྟོན་ཉིན་གང་ཐོག་སོ་སོའི་ཐོབ་ཁུངས་བྱིན་བདག་རྣམས་མགྲོན་འབོད་ཞུ་བ་སོགས་འབྲས་སྤུངས་ཞོ་སྟོན་ལ་སེར་སྐྱ་ཚང་མ་བྲེལ་འཚུབ་ལིང་ལིང་བྱེད། དངོས་གཞི་བོད་ཟླ་བདུན་པའི་ཚེས་གཅིག་ཉིན་ནོར་གླིང་སྐལ་བཟང་ཕོ་བྲང་དུ་ལྷ་མོ་བ་རྣམས་གོ་རིམ་བཞིན་གཟིགས་ཕུད་རྒྱས་པ་རེ་འབུལ་སྲོལ་དང་ཚེས་གཉིས་ནས་བཟུང་ལྷ་མོ་བ་ཁག་ནས་རང་རང་གི་ཁྱད་ཆོས་ལྟར་རྒྱལ་རབས་འཁྲབ་གཞུང་གཟུགས་ཀྱི་ཉི་མ་ལ་སོགས་པ་མིག་དབང་རབ་ཏུ་འཕྲོག་པའི་འཁྲབ་སྟོན་བྱེད་ཀྱི་ཡོད་པ་དང༌། ཉིན་དེ་དག་ནང་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང༌། ཉེ་འཁོར་ཞིང་འབྲོག་མི་མང་ཚོས་རྒྱན་གོས་གཟབ་མཆོར་སྤྲས་ཏེ་ཞོ་སྟོན་དུ་བཞུགས་ཤིང་བཟའ་བཏུང་གི་གཡོས་སྦྱོར་ཕུན་སུམ་ཚོགས་པ་ལ་ཅི་དགར་ལོངས་སུ་སྤྱོད་པ་ཡིན། 

    ཞོ་སྟོན་ཞེས་པ་ནི་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་རིན་པོ་ཆེའི་བཞེད་སྲོལ་ལྟར་དགེ་འདུན་གྱི་འདུས་སྡེ་རྣམས་དབྱར་གནས་ལ་བཞུགས་སྐབས་སུ་བདུད་དགའ་རབ་དབང་ཕྱུག་གིས་བསྟན་པ་ལ་བར་ཆད་མི་འཇུག་པའི་ཆེད་བདུད་སྡེར་བྲོ་བ་བསྐྱེད་པའི་སླད་འདོད་ཆོས་དང་མཐུན་པའི་རྣམ་པ་མངོན་གསལ་ཅན་ཞིག་སྟོན་དགོས་པ་སོགས་དགོས་པ་དུ་མ་ཡོད་ལུགས་དང༌། ཤོད་སྲོལ་གཞན་ཞིག་སྟེ་ནོར་གླིང་སྐལ་བཟང་ཕོ་བྲང་གསར་བཞེངས་སྐབས་སེ་འབྲས་དགའ་གསུམ་སོགས་ནས་དགེ་འདུན་པ་ཨར་པོ་བསྐྱོན་པར་ཕེབས་ཡོད་པ་དང༌། ཕོ་བྲང་ལེགས་གྲུབ་ཟིན་མཚམས་དགེ་འདུན་པ་རྣམས་ལ་ཞོའི་སྟོན་མོ་བཏང་སྟབས་ཞོ་སྟོན་ཞེས་མིང་དེ་ནས་བྱུང་བ་རེད་ཅེས་གསུང་རྒྱུན་འདུག དེ་བཞིན་སེ་ར་སོགས་གླིང་དགོན་ཁག་གིས་ཞོ་སྟོན་གཏོང་སྲོལ་ཡོད་པ་རེད། 

  • 顶 0