བོད་ཀྱི་ལོ་གསར་དང་བོད་ལུགས་ལོ་གསར།

2017-03-27
0

 

  ལོ་གསར་ཞེས་པ་ནི་ལོ་སྔ་མ་འདས་ཏེ་རྙིང་པར་གྱུར་པ་དང་། ཕྱི་མ་སར་དུ་འཆར་བའི་དུས་མཚམས་ཀྱི་དགའ་སྟོན་ལ་ཟེར་བར་སྣང་ལ༑ དེ་དག་གྲ་སྒྲིག་དང་ལས་རིམ་ཡང་ལུང་པ་སོ་སོར་མི་འདྲ་བའང་ཡོད་འདུག ད་ལྟའི་ཆར་བོད་ཡུལ་ཧྲིལ་པོར་ལོ་གསར་བསུ་བའི་དུས་ཚིགས་མི་འདྲ་བ་མང་དུ་སྣང་ལ། སྟོད་ཕྱོགས་མངའ་རིས་ཀྱི་ལྗོངས་ལའང་སྔ་ཕྱི་གསུམ་དུ་ཙམ་གྱེས་ཡོད་ལ། སྨད་ཕྱོགས་མངའ་བའི་ལྗོངས་དང་ཨ་མདོ་སོགས་སུ་ནི་དཔྱིད་གསར་མཉམ་དུ་བསུ་བཞིན་ཡོད་སྐད། དབུས་གཙང་ལ་གཙང་པ་ཚོས་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་བསུ་བ་དང་། དབུས་ཁུལ་གྱི་འབྲོག་སྡེ་དང་བྱང་འབྲོག་མང་པོའང་སྐབས་དེར་ལོ་གསར་བསུ། གཡོར་པོ་སྨད་དྭགས་པོའི་ལུང་པར་ཡང་དུས་འདིར་ལོ་གསར་བསུ་གི་ཡོད། ཀོང་པོ་ནི་ཧོར་ཟླ་བཅུ་པར་ལོ་གསར་བསུ། བྱང་ཁུལ་ཡོངས་དང་ཁམས་སྟོད་ཡུལ་གྲུ་མང་པོར་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་ལོ་གསར་བསུ། ལྷ་ས་གཙོར་གྱུར་དབུས་པ་སྟེ་ཞིང་པ་མང་ཆེ་བ་ནི་ཧོར་ཟླ་དང་པོ་ལ་ལོ་གསར་བསུ་ཞིང་དགའ་སྟོན་བྱེད༑ དེ་སོགས་བོད་ཀྱི་ས་ཕྱོགས་ཁག་ཏུ་ལོ་གསར་བསུ་བའི་དུས་ཚིགས་མི་འདྲ་བར་གནས་ཡོད་པ་ནི་མངོན་སུམ་ཡིན་ལ། དེ་ནི་ལོ་རྒྱུས་ཀྱི་འཕེལ་འགྱུར་དང་འབྲེལ་བའི་རིག་གནས་ཤུལ་བཞག་ཀྱང་ལོས་ཡིན། སོ་སོར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མི་འདྲ་བ་རེ་རེ་ཡོད་པས་ན༑ དེ་དག་རྒྱུས་ལོན་གྱིས་བོད་དང་འབྲེལ་བའི་བོད་ཀྱི་ལོ་གསར་སྟེ། ཧོར་ལུགས་ལོ་སར་དང་དཔྱིད་སར་ལྟ་བུ་དང་། བོད་ལུགས་ལོ་གསར་སྟེ། རང་ཉིད་ཀྱི་གནམ་གཤིས་སམ་ནམ་ཟླའི་འགྲོས་མཐུན་གྱི་ལོ་སར་བསུ་བའི་རིགས་གཉིས་སུ་ཡོད་མེད་གསལ་པོར་བརྟག་དགོས༑ ད་ལྟ་དབུས་སུ་སོ་ནམ་ལོ་སར་ཞེས་པ་གཙང་གི་ལོ་སར་ལ་བཏགས་ཡོད་ཀྱང་། གཙང་པས་དེ་ལ་བོད་ལོ་དང་། ལྷ་སའི་ལོ་སར་ལ་རྒྱ་ལོ་ཟེར་གྱི་འདུག ད་ལྟ་ལྷ་སའི་ལོ་གསར་ལ་བོད་ཀྱི་ལོ་གསར་ཞེས་བཏགས་ཡོད་ཀྱང་དེ་ཉིད་བོད་ལུགས་དངོས་ཡིན་ནམ་མིན་བརྟག་དགོས། རྒྱུ་མཚན་རྩིས་གཞུང་བེ་དཀར་གཞིར་བཞག་པའི་ལྷ་ས་སྨན་རྩིས་ཁང་གི་ལོ་ཐོའི་ཐོག་ཧོར་ཟླ་དང་པོ་སོགས་སྤྱོད་པའི་ལོ་རྒྱུས་ནི་ལོ་ངོ་བརྒྱ་ཕྲག་མང་པོ་འདས་ཡོད་ལ། ལྷ་ས་སྨན་རྩིས་ཁང་གིས་དུས་རབས་ཉི་ཤུའི་དུས་མཇུག་ནང་དུའང་ཧོར་ཟླ་ཞེས་པ་ཁོ་ན་བཀོད་ཡོད་ལ། ཉེ་དུས་གཞི་ནས་བོད་ཟླ་དང་པོ་སོགས་སུ་བསྒྱུར་ཡོད་པ་འདི་བྱུང་བ་རེད། ད་ལྟ་སྨན་རྩིས་ཁང་གི་ལོ་ཐོའི་ཟླ་བ་དང་པོའི་ཟླ་བཤད་ནང་། ཧོར་ལུགས་དང་གསོ་དཔྱད་པའི་ལོ་མགོ། ཞེས་བཀོད་འདུག ད་ལྟ་བོད་ཟླ་དང་པོ་ནི་ཧོར་ཟླ་དང་པོ་དང་དུས་ཚིགས་གཅིག་ལུགས་འགྲེལ་བཤད་གནང་མཁན་མང་ནའང་། ས་སྐྱའི་འགྲོ་མགོན་འཕགས་པའི་བཀས་བོད་དུ་ཧོར་ལུགས་ཀྱི་ལོ་སར་གཏོང་སྲོལ་ཚུགས་ཚུལ་ནི་ཟུར་མཁར་བློ་གྲོས་རྒྱལ་པོས་ཕྱི་རྒྱུད་འགྲེལ་བར་གསལ་པོར་བཀོད་འདུག་པས་ཐ་དད་ཡིན་པར་གསལ་པོར་མངོན་འདུག་ལ། བེའུ་ལུགས་ལོ་སར་ཞེས་པ་འདི་འབྲོག་པ་དྲོ་སར་སྤོས་པའི་ལོ་སར་ཡིན་པར་འགྲེལ་བཤད་བྱས་ཀྱང་། འདི་དུས་འབྲོག་པ་དགུན་མཚེར་ལ་ཞུགས་ཟིན་ནས་ཟླ་བ་གཉིས་ཙམ་འདས་ཟིན་པས་འཐད་པ་གང་ཡང་མེད་ལ། རབ་རྒྱལ་ཆུ་ཁྱི་ལོ་༼ཕྱི་ལོ་༡༩༨༤༽ཁུ་ནུའི་ལོ་ཐོའི་ཧོར་ཟླ་བཅུ་གཉིས་པའི་ཟླ་བཤད་ནང་། ཆེན་པོ་ཧོར་གྱིས་རྒྱ་ནག་མ་གནོན་ན༑།ཟླ་བ་ཁྱོད་ལ་བོད་ཀྱིས་ལོ་མགོར་འཛིན།།ཧོར་གྱིས་རྒྱ་ནག་ཁྲི་ལ་འགྱིང་བ་ཡིས། །ཁྱོད་ལ་ལོ་མཇུག་ཅེས་ལས་འབོད་མ་ནུས།།ཞེས་ལོ་རྒྱུས་གསལ་པོར་བཀོད་འདུག་པར་ལེགས་པར་གཞིགས་ན། བོད་ཀྱི་ཟླ་བ་དང་པོ་དང་ཧོར་ཟླ་དང་པོ་གཉིས་ནི་ཐ་དད་ཡིན་པ་དང་། བོད་ལུགས་ལོ་སར་ཡང་བོད་ཟླ་དང་པོར་འཛིན་པའང་ཤུགས་ལས་རྟོགས་ནུས་པས། བེའུ་ལུགས་ལོ་སར་ཞེས་པ་དེ་ནི་བོད་ལུགས་ཞེས་པ་ཟུར་ཆག་པ་དང་། སྲོལ་དེ་འབྲོག་པས་འཛིན་པས་བེའུ་དུ་གོ་བ་ངང་གིས་ཆགས་སོང་བ་འང་མངོན་ཡོད་ལ། ལྷ་སའི་ལོ་སར་ལ་རྒྱལ་པོ་ལོ་སར་དང་བླ་མ་ལོ་སར་ཞེས་བོས་པ་ལ་ཅུང་ཟད་བསམ་ནའང་། མཐོ་རིམ་པ་ཚོས་སྔར་སྲོལ་བཞིན་ཆེན་པོ་ཧོར་གྱི་ལུགས་ལ་སྲུང་བརྩི་ཡིན་པ་འང་ཤུགས་ལས་གསལ། ལ་ལས་ལོ་གསར་གྱི་དུས་འཁོར་ལ་གཏུགས་དགོས་ཞེས་བཤད་ནའང་། དུས་འཁོར་མ་དར་གོང་དུ་ལོ་གསར་ཡོད་དམ་མེད། ཡོད་ན་ཟླ་བ་གང་ལ་རྩི་གི་ཡོད། ཏུན་ཧོང་ཡིག་ཚངས་ནི་ད་ཡོད་ལོ་རྒྱུས་ཡིག་ཆ་རྙིང་ཤོས་ཡིན་ན། དེའི་ནང་ལོ་ཚིགས་རིམ་པར་བཀོད་འདུག་པས། དེ་དུས་ལོ་གསར་དགའ་སྟོན་ཡོད་དམ་མེད། ཡོད་ན་ཟླ་བ་གང་ལ་ཡིན་གསལ་པོར་རྟོགས་དགོས། དེས་ན་ཕྱིས་ཀྱི་ཤོད་སྲོལ་ཙམ་ལ་ཆ་འཇོག་མ་བྱས་པར་བོད་ཀྱི་ལོ་རྒྱུས་ཧྲིལ་པོར་གཞིགས་ཏེ། ཡང་སྙིང་བོད་མི་རང་ལ་ལོ་སར་བསུ་བའི་དུས་ཚིགས་ཡོད་མེད། ཡོད་ན་ཟླ་དུས་གང་ལ་འཛིན་གྱི་ཡོད་མེད་དཔྱད་ན་ས་ལེར་རྟོགས་ཐུབ་ལ། བོད་ལུགས་ལོ་སར་དངོས་དེ་གང་ཡིན་མ་ནོར་བར་རྙེད་ཐུབ་པ་མ་ཟད། རིམ་པས་གཅིག་གྱུར་ཡང་ཡོང་སྲིད་པ་ཡིན་ནོ།།དེས་ན་སྐབས་ཤིག་གི་རིང་ལ་འཇིག་རྟེན་འདས་པ་ཁོ་ནར་སྙེགས་ཁུལ་བྱས་པས། འཇིག་རྟེན་པའི་འཚོ་ཚིས་ཀུན་སྙིང་པོ་མེད་པར་བསྐྱུར་བའི་འདུ་ཤེས་དེའི་དབང་གིས་ད་ལྟའང་གཅིག་གྱུར་གྱི་ལོ་སར་བསུ་དུས་ཀྱང་མེད་ལ། ཧོར་ལུགས་རང་ལུགས་སུ་བརྩི་བའི་གླེན་རྟགས་འདི་ཡིན་ན། ཕྱོགས་གཞན་དང་གཞན་ལ་གཅིག་གྱུར་ནི་དེ་བས་ཀྱང་དབེན་པའི་ཀུན་རྫོབ་བདེན་པ་ཚད་གྲུབ་འདི་ལགས་ན། མི་རིགས་གཞན་ལ་ཁ་མིག་ཡར་བལྟས་ཀྱིས་ཤེས་རབ་མངོན་དུ་འགྲོ་བའི་སྒོ་ནས་ལོ་རྒྱུས་ཞིབ་འཇུག་དང་། སིལ་བུར་གྱུར་པའི་རྒྱབ་ལྗོངས། གནས་ལུགས་དངོས་ལ་བརྟེན་ཏེ། མ་འོངས་པར་འགྲོ་བ་མི་རིགས་གཞན་ལྟར་གཅིག་གྱུར་དུ་ཞུགས་པའི་རྨང་གཞི་འདིང་ཐུབ་པར་ཚང་མས་དོ་ཁུར་གནང་བར་དམིགས་ནས༑ རང་རིགས་ཀྱི་འཚོ་ཚིས་ནི་རང་རིགས་སྤྱི་བོ་གནམ་བསྟན་ཀུན་ལ་རག་ལས་པས། རང་འགན་འཁུར་ཞིང་དཔྱད་གླེང་སྤེལ་ནས་འཚོ་གནས་ལ་དགའ་བ་ཀུན་གྱིས་གཙིགས་སུ་བཟུང་བར་སྨོན་ལ། ཐུགས་ལ་མ་བབས་ནས་བཀའ་བཀྱོན་ཅི་ཙམ་གནང་ཡང་བཟོད་ཅིང་བསྲནད་ཏོ།། 

  དཔེ་ཀློག་པ་ཤེས་རབ་དཔལ་གྱིས་བོད་ལུགས་ལོ་གསར་འཆར་སྐབས་སུ་སྤྲིངས་པའོ།།ན་ནིང་ལོ་སར་སྐབས་བྲིས་པ་ཡང་བསྐྱར་སྤེལ་བ་འོ། ༢༠༡༧ /༡/༢༦། 

  • 顶 0