བོད་ཀྱི་སྲོག་བླུ་དང་ཚེ་ཐར་སྐོར་གླེང་བ།​

2017-03-27
0

 

  དང་པོ། སྲོག་བླུ་དང་ཚེ་ཐར་ཞེས་པའི་མཚན་གཞི།  

  འདིར་བརྗོད་པའི་སྲོག་བླུ་དང་ཚེ་ཐར་གཉིས་ལ་ཁྱད་པར་ཡོད་དེ། སྲོག་བླུ་ཞེས་པ་ནི་སྲོག་ལྡན་གང་ཞིག་རྒྱུ་གང་ཞིག་གིས་འཆི་བདག་གི་ལག་ཏུ་ལྷུང་ལ་ཉེ་བའི་ཁར་རྒྱུ་བཟང་བོའི་འབྲས་བུས་དེ་ཉིད་འཆི་བདག་གི་ལག་ནས་བསྐྱབས་ཟིན་པ་དེ་ལ་སྲོག་བླུ་ཞེས་བརྗོད་པ་དང་། ཚེ་ཐར་ནི་སྲོག་བླུས་པ་དང་མི་འདྲ་བར་ཚེ་ཐར་བར་བྱས་པའི་རྒྱུ་སྐྲུན་ནས་ཚེ་འདིར་སྲོག་གི་འཆི་འཇིགས་ལས་ཐར་བ་དང་ལས་དང་ལམ་གང་ནས་ཀྱང་སྡུག་དང་འཚེ་བ་མི་བྱེད་པ། ཆོས་ཉིད་ཀྱི་ལམ་ཕྲེང་ནས་རྒས་ཤིང་ཁོག་པའི་བར་དུ་འཚེ་བ་དང་སྡུག་བསྔལ་མི་འབྱུང་བར་སྨོན་ལམ་གསོལ་བའི་སྲོག་ལྡན་ལ་ཟེར། མདོར་དྲིལ་ན་སྲོག་བླུ་ནི་སྐབས་ཐོབ་ཀྱི་སྡུག་བསྔལ་ལས་བྲལ་བར་བྱེད་པ་དང་ཚེ་ཐར་ནི་ཚེ་གཅིག་གི་སྡུག་བསྔལ་ལས་བྲལ་བར་བྱེད་པ་ཞིག་གོ།།   

  གཉིས་པ། སྲོག་བླུ་ཚེ་ཐར་གཏོང་བའི་ཕན་ཡོན།   

  སྤྱིར་སྲོག་བླུ་དང་ཚེ་ཐར་གཏོང་བ་ནི་ནང་བའི་དམ་པའི་ཆོས་ཀྱི་ཆ་ཤས་སུ་གྲུབ་པའི་རྣམ་དཀར་དགེ་ཕྱོགས་ཀྱི་ལས་ཤིག་ཡིན་པ་དང་། འོ་ན་དམ་པའི་ཆོས་ཞེས་པ་ནི་གང་ཡིན་ཞེ་ན། ཤེས་བྱ་ཀུན་ཁྱབ་ལས། ངོ་བོ་སྒྲིབ་པའི་གཉེན་པོ་རྣམ་དཀར་ཕྱོགས། ཞེས་གསུངས་པ་ལྟར། ཆོས་ཀྱི་ངོ་བོ་ནི་སེམས་ཅན་རྣམས་ཀྱི་སྒྲིབ་པ་སྟེ། ཚེ་ཕྱི་མ་ལ་གནོད་པའི་སྡིག་པ་དང་སྒྲིབ་པ། ཚེ་འདིར་མངོན་སུམ་དུ་མྱོང་བའི་སྡུག་བསྔལ་སྣ་ཚོགས་ཀྱི་གཉེན་པོར་གྱུར་པ་སྟེ། སྡུག་བསྔལ་ཞི་བའི་ཐབས་དམ་པ། རྣམ་དཀར་དགེ་བའི་ཕྱོགས་ཀྱི་ཡོན་ཏན་གང་ཡིན་པ་དེ་ལ་དམ་པའི་ཆོས་ཞེས་ཟེར་ཏེ། སྡུག་བསྔལ་དག་ནི་ཐམས་ཅད་དང་།། སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས།།ཞེས་གསུངས་པ་ལྟར་དམ་པའི་ཆོས་ནི་མདོར་དྲིལ་ན་གཞན་གང་རུང་ལ་འཚེ་བ་མི་བྱེད་པ་དེ་ཡིན་ལ། དམ་པའི་ཆོས་ཀྱི་དགོངས་གཞི་དང་ཡོངས་སུ་མཐུན་པར་གྲུབ་པའི་སྲོག་བླུ་དང་ཚེ་ཐར་གཏོང་བ་ལ་དགེ་བའི་ཚད་ག་འདྲ་ཞིག་ལྡན་ནམ་ཞེ་ན། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། “བྱ་ཉ་རི་དྭགས་རྐུན་མ་དང་།། སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས།། སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི།། ཚེ་ཐུང་བ་ཡང་ཚེ་རིང་གྱུར།།”ཞེས་ཚེ་བླུ་བཏང་བས་ཚེ་འཕེལ་བར་གསུངས་ཤིང་། གསད་བྱའི་སྲོག་ལྡན་ཕྱོགས་སུ་ལྷུང་བ་དག་གི་སྲོག་བསྐྱབས་པ་ནི་ལས་དང་དགེ་བའི་རྣམ་དཀར་གྱི་བྱིན་རླབས་དང་། རྒྱུ་དང་རྟེན་དང་འབྲེལ་བའི་ཆོས་ཉིད། གཞུང་དང་རིགས་པས་བརྡར་བའི་འབྱུང་ལྔའི་ཁམས། མེ་དང་དུ་བའི་རྐྱེན་འགྱུར་གྱི་འབྲེལ་བ་ལྟ་བུའི་རང་བཞིན་གྱིས་ཚེ་འཕེལ་ཞིང་རིང་བོར་འགྱུར་བ་དེ་ཡང་གཙོ་བོ་སེམས་ཀྱིས་རྣམ་པར་གཏོགས་སུ་གྱུར་བའི་དབང་དུ་གྱུར་བ་ཡིན་ཕྱིན་འདུ་ཤེས་ཀྱིས་དངོས་པོ་ཐག་གཅོད་བྱེད་པའི་(意识决定物质)རིག་གནས་ཀྱི་ངོ་བོ་དེའང་ཤུགས་སུ་བརྗོད་ཡོད་པར་བརྟེན་ཚེ་བླུ་གཏོང་བར་ངལ་བའི་ལས་ཀྱི་ཕན་ཡོན་ནི་སེམས་དང་བསམ་པའི་འཁྱེར་སོ་དང་། རྟགས་དང་རིགས་པས་བརྟག་པར་འཚལ་ན་ཕན་ཡོན་མཐའ་མེད་ཀྱང་མདོར་བསྡུས་ན་འདི་ལྟ་སྟེ། ①སྐྱེ་བ་ཕྱི་མར་ངན་འགྲོའི་སྐྱེ་བ་ཁེགས་ནས་བདེ་འགྲོར་སྐྱེས་པ།②དུས་མིན་གྱི་འཆི་བ་བདོག་ནས་ཚེ་རིང་བོར་འགྱུར་བ།③ནད་རིགས་བཞི་བརྒྱ་རྩ་བཞི་དང་བྲལ་བ།④སྨན་རྣམས་མཐུ་དང་ལྡན་པར་འགྱུར་བ།⑤ནོར་དང་ལོངས་སྤྱོད་རྒྱས་པ།⑥གཟའ་གདོན་མི་མ་ཡིན་གྱི་གནོད་པ་མེད་པ།⑦དཀར་ཕྱོགས་བའི་སྲུང་ཞིང་གཞན་གྱིས་བཀུར་བ།⑧དཀོན་མཆོག་གསུམ་མངོན་སུམ་དུ་མཐོང་ནས་ཆོས་ཀྱི་དཔལ་ལ་སྤྱོད་ཅིང་བླ་མེད་བྱང་ཆུབ་འཐོབ་པ་བཅས་སོ།།   

  གསུམ་པ། སྲོག་བླུ་ཚེ་ཐར་གཏོང་བྱ་དང་གཏོང་མཁན་བོད་མིའི་བར་གྱི་འབྲེལ་བ།   

  སྤྱིར་མི་རིགས་གང་ཞིག་གི་རིག་གནས་དང་ཡུལ་སྲོལ་གོམས་གཤིས། དུས་ཆེན་གང་ལ་མཚོན་ན་ཡང་དེ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་གི་རྨང་གཞིའི་ཐོག་བྱུང་ཞིང་རིམ་གྱིས་འཚོ་བའི་སྟེང་རིམ་ལ་ཟུག་པའི་ལོ་དང་ཟླ་བའི་ཁྲོད་ནས་གོམས་གཤིས་སུ་སོང་ནས་གོམས་སྲོལ་དུ་གྱུར་པ་ནི་ཕལ་ཆེར་གཅིག་མཐུན་དུ་གྲུབ་པའི་ཡུལ་སྲོལ་གོམས་གཤིས་ཀྱི་འབྱུང་རྐྱེན་ཡིན་པ་དང་། བོད་མི་རིགས་ལ་མཚོན་ན་ཡང་ཡུལ་སྲོལ་གོམས་གཤིས་སྣ་ཚོགས་ཤིག་དར་ཡོད་ལ། དེ་དག་ནི་དུས་དང་འབྱུང་རྐྱེན་གྱི་ཐད་ནས་བརྗོད་ན་སངས་རྒྱས་ཀྱི་ནང་པའི་བསྟན་པ་བོད་ལ་དར་བ་རྐྱེན་དུ་གྱུར་བ་ནས་བཟུང་། བཀའ་བརྒྱུད་གྲུབ་མཐའ་སོ་སོའི་འདོད་ལུགས་དང་འཕྲིན་ལས་མཛད་པ་བཞེངས་ཚུལ་དང་འབྲེལ་ནས་ཡུལ་སྲོལ་གོམས་གཤིས་མང་དུ་བྱུང་བ་དག་དེང་དུས་ཡང་གནས་ཡོད་པར་གསལ། དེ་བཞིན་དུ་བོད་དམངས་ཁྲོད་དུ་དར་བའི་སྲོག་བླུ་ཚེ་ཐར་གཏོང་བ་འདི་ཡང་རྐྱེན་ནང་ཆོས་དར་ཞིང་དེའི་ངོ་བོའམ་དགོངས་གཞི་རྣམ་དཀར་དགེ་ཕྱོགས་ལ་སེམས་གཏོད་པའི་སྟོབས་ལས་བྱུང་བ་དང་། སྙིང་རྗེ་ཆེན་པོའི་སེམས་བྱུང་ལས་གཞན་ལ་འཚེ་བའི་ལས་སྤངས་ཤིང་དུས་ཀུན་ཉིད་ཀྱི་གང་ཟག་ཆེ་ཆུང་སྤྱི་ལ་བདེ་བ་དང་ལྡན་པར་འདོད་པ་དང་སྡུལ་བསྔལ་དང་བྲལ་བར་འདོད་པར་སྙམ་པ་ནི་ཐུན་མོང་མ་ཡིན་པའི་སེམས་བྱུང་དེ་རེད། སྲོག་བླུ་ཚེ་ཐར་གཏོང་བྱ་དང་གཏོང་མཁན་བོད་མིའི་བར་གྱི་འབྲེལ་བ་ནི་མདོར་དྲིལ་ན། རིག་གནས་ཤིག་གི་ས་བོན་དང་དེའི་རྒྱུ་ལས་འཁྲུངས་པའི་སྨིན་ཟིན་པའི་འབྲས་བུ་ལྟ་བུ་ཡིན་པར་སེམས།   

  བཞི་བ། སྲོག་བླུ་ཚེ་ཐར་དང་ནང་བསྟན་དཔལ་འབྱོར་རིག་པ།   

  དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ནང་བའི་བསྟན་པའི་རྗེས་འཇུག་པ་ཞིག་གི་ངོས་ནས་བརྗོད་ན་སྲོག་བླུ་དང་ཚེ་ཐར་གཏོང་བ་ནི་ངེས་དོན་གྱི་ཐད་ནས་དཔལ་འབྱོར་གྱི་ཡོང་འབབ་ཅིག་ཏུ་སེམས་བཞིན་ཡོད་ལ། དྲང་དོན་གྱི་ཐད་ནས་ཀྱང་དེ་ལྟར་བསམ་བཞིན་ཡོད། དེའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་“སེམས”ཞེས་པའི་དབང་བོ་ཁྱད་པར་བ་དེའི་ངོས་ནས་ཡོངས་སུ་འགྲེལ་བར་བྱ་བ་ལ།ནང་བའི་བསྟན་པའི་དགོངས་གཞི་དེ་གཅིག་ཏུ་བསྡུས་ན་སེམས་ལ་མ་འབྲེལ་བ་ཞིག་མེད་ལ། སངས་རྒྱས་བཅོམ་འདས་ཀྱི་ཞལ་ནས། “སེམས་ནི་རི་མོ་མཁན་དང་འདྲ།། སེམས་ཀྱི་ཕུང་བོ་བྱས་པ་སྟེ།། འཇིག་རྟེན་ཁམས་ཀྱི་ཇི་སྙེད་པ།། དེ་ཉིད་ཐམས་ཅད་སེམས་ཀྱིས་བྲིས།།”ཞེས་གསུངས་པ་ལྟར་སེམས་ནི་ཆོས་དངོས་ཀུན་གྱི་མིག་ལྟ་བུར་གནས་པས་སེམས་སམ་འདུ་ཤེས་ཀྱིས་དངོས་པོའི་རང་བཞིན་ཐག་གཅོད་བྱེད་ནུས་པ་རེད། ཡིན་ཡང་མར་ཁེ་སི་གཞུང་ལུགས་སུ་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ཀྱི་རང་བཞིན་དང་དར་རྒུད་འཕེལ་འགྲུབ་ཀྱི་འགྱུར་བ་སྣ་ཚོགས་དེ་དངོས་པོས་ཐག་གཅོད་བྱེད་པར་འདོད་བཞིན་ཡོད། དེ་གཉིས་ལ་རང་བསྟོད་གཞན་དམན་དང་ཕྱོགས་ལྷུང་གི་དབང་དུ་མི་འགྲོ་བར་དྲང་ཐད་ཀྱིས་བརྗོད་ན། སོ་སོ་གཉིས་ཀ་ལ་སོ་སོའི་ཁྱད་ཆོས་དང་གནས་ལུགས་རྒྱུ་མཚན་ཡང་དག་རེ་ཡོད་ངེས་པས་དེ་མཆོག་དེ་དམན་ཞེས་པའི་གཏམ་ནི་བརྗོད་མི་འོས་ལ། རྒྱུ་མཚན་ནི། སོ་སོའི་ལུགས་དང་འདོད་ཚུལ་གྱི་རྩ་བ་དེ་སོ་སོའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་མཉམ་དུ་བཙོ་སྦྱང་བྱས་མྱོང་ལ། ཡང་ནས་བསྐྱར་དུ་རིག་པས་དཔྱད་ཅིང་བརྡར་ནས་ད་གཟོད་རང་རང་གི་ལུགས་དེ་ཡང་དག་པར་བསམ་ནས་ཚད་མར་བཟུང་བ་ཞིག་རེད། ཡིན་ཡང་དེ་ལ་ཨུ་ཚུགས་ཀྱིས་འགྱིང་བའི་སྐྱེ་བོ་དག་ལ་འདི་ལྟར་བརྗོད་པར་བྱ་སྟེ། དཔེར་ན། གལ་ཏེ་བུ་ཕྲུག་གཉིས་ཀྱིས་ཕན་ཚུན་ལ་“ཁྱོད་ཀྱི་ཨ་མའི་མི་གཤིས་སྡུག་པོ་འདུག”ཅེས་བརྗོད་ན་ཕན་ཚུན་སུ་ལ་མཚོན་ན་ཡང་གནས་ལུགས་ཡེ་ནས་ཡོད་པར་མི་སྣང་བ་རེད། སོ་སོའི་སེམས་ལ་རང་གི་ཨ་མའི་མི་གཤིས་སྡུག་པོ་འདུག་ཅེས་པ་ཞིག་གཏན་ནས་ཡིད་ལ་འཁོར་མི་སྲིད་པར་མ་ཟད་རང་གི་ཨ་མའི་ཡན་ན་མི་བཟང་མེད་ཅེས་བསམ་པ་ནི་ཀུན་ནས་ཀྱང་བསམ་ཚུལ་གཅིག་མཐུན་ཡིན་ལ། དེ་བཞིན་དུ་ནང་པའི་དགོངས་གཞི་དང་མར་ལེ་རིང་ལུགས་གཉིས་ལ་གཙོ་ཕལ་དང་བཟང་ངན་གྱི་དབྱེ་བ་བགར་རྒྱུ་མེད་པར་སྙམ། ཡིན་ཡང་གོང་སྨྲས་ཀྱི་རྒྱུ་མཚན་དེ་དག་དང་འབྲེལ་ཏེ་ལུགས་གང་ལ་གཏོགས་ན་ལུགས་དེའི་དགོངས་གཞི་ཚད་མར་འཛིན་དགོས་བ་ལགས། ཁོ་བོས་འདིར་ནང་བའི་བསྟན་པའི་དགོངས་གཞི་ཚད་མར་བཟུང་སྟེ་སེམས་ཀྱིས་འཇིག་རྟེན་གྱི་བྱ་དངོས་ཐག་གཅོད་བྱེད་པ་དང་འབྲེལ་ཏེ་སྐབས་སུ་བབ་པའི་བརྗོད་བྱའི་སྲོག་བླུ་ཚེ་ཐར་གཏོང་བ་དེའང་སྙིང་རྗེ་ཆེན་པོའི་སེམས་ཀྱི་བྱུང་བ་ལས་སྒྲུབ་ཀྱང་སེམས་ཉིད་ཀྱིས་ཁམས་དང་མོས་པར་དབང་བསྒྱུར་ཡོད་ཕྱིན་དེ་ནི་སེམས་ཀྱི་བདེ་བ་ཡིན་པར་བདོག ནང་བའི་དམ་ཆོས་ཀྱི་དགོངས་གཞིའམ་ནང་བའི་དཔལ་འབྱོར་གྱི་ལྟ་ཚུལ་ལྟར་ན་དཔལ་འབྱོར་ནི་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་འབྱུང་བའི་ཐབས་ལམ་ཞིག་དང་མཐུན་རྐྱེན་ཞིག་ཡིན་པ་ལས་མི་ཚེ་ཡི་སྙིང་བོ་དང་བདེ་སྐྱིད་ཅིག་གཏན་ནས་མ་ཡིན་པར་གསུངས། རྩ་བ་གཅིག་ནས་རྒྱས་པའི་ཡན་ལག་སོ་སོ་ནི་ཕྱི་ངོས་ནས་ཁྱད་པར་དང་འགལ་ཟླའི་རང་བཞིན་གྲུབ་ཡོད་ན་ཡང་མཐར་ཐུག་གི་ཡང་སྙིང་ནི་གཅིག་ཏུ་འདུས་ཡོད་ལ། དེ་བཞིན་དུ་སྲོག་བླུ་ཚེ་ཐར་གཏོང་བ་དང་ནང་བསྟན་དཔལ་འབྱོར་རིག་པ་གཉིས་ནི། རྩ་བ་གཅིག་ནས་རྒྱས་པའི་ཡན་ལག་གི་རང་བཞིན་གྲུབ་ཡོད་ཕྱིན་ཕན་ཚུན་ལ་འགོག་གནོན་གྱི་ཤུགས་རྐྱེན་མེད་པར་འདེགས་ནུས་ཀྱི་རྣམ་པ་ཆགས་ཡོད་པ་རེད། དེ་ནི་གཙོ་བོ་“སེམས་བདེ་ན་བདེ་བའི་མཆོག་”ཅེས་པའི་གནས་ལུགས་ཟབ་མོ་དེ་ལས་བསམ་གཞིག་གི་ངལ་བ་མཛད་ན་སེམས་ལ་འབབ་པའི་དོན་ཞིག་ཡོད་ངེས་རེད།   

  དོན་གྱིས་བརྗོད་ན་སྲོག་བླུ་ཚེ་ཐར་གཏོང་བ་ནི་སྙིང་རྗེ་ཆེན་པོའི་ངང་ནས་སེམས་ཀྱི་བདེ་བ་འཚོལ་འདོད་པའི་བློ་ཞིག་རེད་ཅེས་བརྗོད་ན་སྤྱིར་བཏང་དུ་འགལ་བ་མེད་པར་སྙམ། མ་ཟད་ཆོག་ཤེས་ཀྱི་གཤིས་སྤྱོད་ཅིག་ཀྱང་ཡིན་པ་རེད། 《རྒྱལ་བོའི་ལུགས་ཀྱི་བསྟན་བཅོས》ལས། ས་སྟེང་འདོད་པའི་ལོངས་སྤྱོད་ཀུན།། སྐྱེ་བོ་གཅིག་ལ་བདོག་གྱུར་ཀྱང་།། ངོམས་པ་མེད་པ་སླར་ཡང་བསྐམ།། དེ་བས་འདོད་ལ་ཆོག་ཤེས་བྱ།།ཞེས་གསུངས་ཡོད་པ་དང་། དེ་བཞིན་《ས་སྐྱ་ལེགས་བཤད》ལས་ཀྱང་། གང་ཞིག་ཉུང་ངུས་ཆོག་ཤེས་པ།། དེ་ཡི་ལོངས་སྤྱོད་ཟད་མི་ཤེས།། ཆོག་ཤེས་མེད་པར་འཚོལ་བ་ལ།། སྡུག་བསྔལ་ཆར་བཞིན་རྒྱུན་དུ་འབབ།།ཅེས་གསུངས་པ་ལྟར་ཆོག་ཤེས་ལ་བརྟེན་ནས་འོས་འཚམ་གྱི་དཔལ་འབྱོར་འཚོལ་བ་ནི་ཟད་མི་ཤེས་པའི་ལོངས་སྤྱོད་ཡིན་ལ། དེ་ལས་སྲོག་བླུ་ཚེ་ཐར་གཏོང་བ་ནི་ནང་བསྟན་དཔལ་འབྱོར་རིག་པའི་རྩ་བའི་ལྟ་ཚུལ་ལམ་དགོངས་གཞི་དང་མཐུན་པའི་ཆོག་ཤེས་ཀྱི་ལས་རྣམ་དག་ཅིག་གོ།   

  ལྔ་བ། སྲོག་བླུ་ཚེ་ཐར་གཏོང་བའི་འདུ་ཤེས་དང་དེང་རབས་སྤྱི་ཚོགས་ཀྱི་གནས་བབ།   

  འདུ་ཤེས་ནི་གནས་བབ་ཅིག་དང་ཁོར་ཡུག་ཅིག་ལས་ཕྱིར་མངོན་ཡོང་པའི་སེམས་ཁམས་ཤིག་ཡིན་ལ། འདུ་ཤེས་དང་ཁོར་ཡུག་གཉིས་ཀྱི་བར་ལ་དུས་ཚོད་ངེས་ཅན་ཞིག་དང་གོམས་གཤིས་རྒྱུན་འབྱམས་ཤིག འགྱུར་བའི་དགོས་དབང་ཞིག་གི་རྐྱེན་ལས་ཕན་ཚུན་གྱི་བར་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ནས་ཁོར་ཡུག་གིས་འདུ་ཤེས་བསྐྱེད་པ་རེད། ཁོར་ཡུག་གི་འགྱུར་བ་སྣ་ཚོགས་ཀྱིས་འདུ་ཤེས་ལ་ཁ་ལོ་བསྒྱུར་རྗེས་འདུ་ཤེས་ཀྱི་སེམས་ཁམས་ཀྱིས་ཕྱིར་ཁོར་ཡུག་ལ་བློ་གྲོས་འདོན་པ་རེད། དེ་བཞིན་དུ་དེང་རབས་སྤྱི་ཚོགས་ཀྱི་འགྱུར་བ་སྣ་ཚོགས་དང་ཕྱི་ནང་གི་སྲོལ་ལུགས་དང་གཞུང་ལུགས། རིན་ཐང་ལྟ་བ་སོགས་མི་འདྲ་བ་དར་བའི་རྐྱེན་གྱིས་འདིར་བརྗོད་པའི་སྲོག་བླུ་ཚེ་ཐར་གཏོང་བའི་འདུ་ཤེས་དང་བྱ་སྤྱོད་ལ་འགའ་ཞིག་ཐེ་ཚོམ་སྐྱེས་ཤིང་དང་ཡིད་ཆེས་བྲལ་བ། ལོག་པར་ལྟ་བཞིན་འདུག དེ་ནི་ཁོར་ཡུག་གིས་འདུ་ཤེས་ལ་དབང་བསྒྱུར་བྱས་པ་ལས་བྱུང་བ་རེད། སྤྱིར་རང་ཅག་གི་འདོད་པ་ལྟར་ན་འདུ་ཤེས་ཀྱིས་ཁོར་ཡུག་ལ་དབང་བསྒྱུར་བྱས་ན་ཡང་དག་ཏུ་གནས་ལ། ཡིན་ཡང་དེང་རབས་སྤྱི་ཚོགས་ཀྱི་གནས་བབ་ནི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་མོའི་གསར་བརྗེ་ཁྲོད་འགྱིང་ཚུལ་བརྟན་པོའི་རང་གཤིས་ལྡན་ཀྱང་ཁོར་ཡུག་གིས་འདུ་ཤེས་ལ་དབང་བསྒྱུར་བའི་དུས་རབས་ཀྱི་རྦ་རླབས་དེ་ལ་བཞའ་ཐབས་བྲལ། བཞའ་ཐབས་བྲལ་བའི་དུས་རབས་ཀྱི་ཆོས་ཉིད་ལ་འགོག་ཐབས་བྲལ་བའི་ཁོར་ཡུག་གི་འདུ་ཤེས་བསྐྱེད་པ་ཡིན་ན། དུས་འདིར་མ་གཞི་འདུ་ཤེས་ཀྱིས་གསོས་པ་ཡིན་ཡང་བསམ་གཞིག་གི་ཀློང་རིམ་མ་བརྡོལ་བའི་རྐྱེན་གྱིས་ལོག་སླ་ཞིང་འགྱུར་མྱུར་བའི་རྣམ་པ་དེས་དགེ་བ་དགེ་བར་མི་བསམ་ཞིང་མཆོག་ན་བསྟོད་པར་མི་འཛིན་མཁན་རྣམས་ནི་བསམ་གཞིག་དབེན་པའི་མི་བུ་སྐམ་པོ་ཞིག་རེད།   

  ཆོས་ཉིད་ཀྱི་འགྱུར་བ་དང་རྐྱེན་གྱི་འགྱུར་བ། དུས་ཀྱི་འགྱུར་བ་གང་རུང་ཞིག་གི་ངོས་ཐད་ནས་འཕྲོས་པའི་རྒྱུ་ག་འདྲ་ཞིག་ཡིན་ཡང་། འདིར་བརྗོད་པའི་སྲོག་བླུ་ཚེ་ཐར་སྐོར་གྱི་དགེ་བའི་འཕྲིན་ལས་ཀྱི་མཛད་པ་འདི་ནི། རིགས་ཀྱི་རྩེ་ན་གནས་ཤིང་སེམས་ཀྱི་མཆོག་ཏུ་གྱུར་བའི་མི་རིགས་འདི་ཡི་བླ་རྐང་ལ་འཐིམས་པའི་ཤ་ཁྲག་གི་གཟི་མདངས་དེ་ཡིན་པར་སྙམ་མོ།། 

  • 顶 0