ཉེ་བའི་རིན་ཆེན་སྣ་བདུན།

2016-09-08
0
 ཉེ་བའི་རིན་ཆེན་སྣ་བདུན་ནམ་དམན་པའི་རིན་ཆེན་སྣ་བདུན་ནིམངོན་བྱུང་གི་མདོལས།འོད་ཟེར་གྱིས་སྔོ་རལ་གྲི་པགས་པ་འཇམ།།དགའ་བའི་ནགས་ཚལ་གོས་ནི་ཡིད་རྗེས་འགྲོ།།མཐུ་ལྡན་མཆིལ་ལྷམ་ཁང་ཁྱིམ་གཞལ་དུ་མེད།།རིག་འཇམ་གཟིམ་ཆས་ལ་གོས་རྣམ་པ་བདུན།།ཞེས་པ་ལྟར།རལ་གྲི་རིན་པོ་ཆེ་ཡུ་བ་གསེར་གྱི་པ་ཏྲ་ལ་རིན་པོ་ཆེའི་ཕྲ་ཚོམ་གྱིས་མཛེས་ཤིང་འོད་སྔོན་པོ་འཕྲོ་བ་དང་གཅིག པགས་པ་རིན་པོ་ཆེ་ཡངས་ཤིང་འཇམ་ལ་གསེར་གྱི་སྤུ་རིས་ཅན་དང་གཉིས།རིན་པོ་ཆེ་ནགས་ཚལ་ལམ་སྐྱེད་མོས་ཚལ་ཤིང་འབྲས་ལྡན་གྱི་ལྗོན་པ་དང་མེ་ཏོག་སྣ་ཚོགས་ཤིང་བྱ་དང་རི་དྭགས་རྣམས་རྒྱུ་བ།འབབ་ཆུ་དྭངས་མས་སྙན་པའི་སྒྲ་དབྱངས་བར་མེད་དུ་སྒྲོག་པ་ཉམས་དགའ་བ་དང་གསུམ།གོས་རིན་པོ་ཆེ་ཕུ་ཐུང་ཅན་ཕྱི་གསེར་གྱི་རི་མོ་ལ་ནང་འཇམ་པ་དང་བཞི།ལྷམ་རིན་པོ་ཆེ་གོས་སྐུད་དང་པ་ཏྲ་ཕྲ་ཚོམ་གྱིས་སྤྲས་པའི་མཆིལ་ལྷམ་དང་ལྔ།ཁང་ཁྱིམ་རིན་པོ་ཆེ་བཀོད་ལེགས་རིན་པོ་ཆེའི་རྟ་བབས་ཀྱི་སྣམ་བུ་སོགས་ཀྱིས་མཛེས་ཤིང་གསལ་ལ་རྒྱ་ཆེ་བ་དང་དྲུགམལ་རིན་པོ་ཆེའི་གཟིམ་ཁྲིའི་སྟེང་དུ་དར་འབོལ་སྔས་བཟང་པོ་དང་ཉལ་གཟན་ལྟ་བུ་རེག་ན་འཇམ་པ།མནན་ན་འཕར་བ་དང་བཅས་པའི་མལ་སྟན་ཅན་དང་བདུན་ནོ།།དེ་དག་གི་ཡོན་ཏན་ནི།དང་པོ་རྒྱལ་པོའི་ཡིད་དང་ཚིག་ལས་འགལ་འདོད་དེའི་སར་འགྲོ་སྟེ་བཏབ་པ་མེད་ཀྱང་ཡུལ་འཁོར་ཀུན་འདུལ་པར་བྱེད་པ་དང་།གཉིས་པ།ཀླུའི་པགས་པ་ཚོང་བས་འབུལ་བ་ཞེང་དུ་དཔག་ཚད་ལྔ།ཆུར་དཔག་ཚད་བཅུ་པ་ཆར་གྱིས་མི་བརླན།རླུང་གིས་མི་སྐྱོད།མེས་མི་ཚིག གྲང་ན་དྲོ་བར་བྱེད་པ།དྲོ་ན་བསིལ་བར་བྱེད་པ།འཁོར་ལོས་བསྒྱུར་པའི་རྒྱལ་པོ་གང་ན་འགྲོ་བ་དེར་བློན་པོ་རིན་པོ་ཆེས་འཁྱེར་ཞིང་དེས་ཁྱིམ་གྱི་བྱ་བ་ཐམས་ཅད་བྱེད་པ་དང་།གསུམ་པ་རྒྱལ་པོ་སྐྱེད་ཚལ་ལ་དགའ་བར་གྱུར་པ་དེར་ཉེ་བར་འགྲོ་ན།ཚལ་དེའི་ཡོན་ཏན་དང་རྒྱལ་པོའི་དགེ་བའི་ལས་ཀྱིས་ལྷའི་འཇིག་རྟེན་གྱི་དགའ་ཚལ་གྱི་རྣམ་པའི་ལྗོན་ཤིང་དང་མེ་ཏོག་འབྲས་བུ།རྨ་བྱ་ལ་སོགས་པའི་བྱ་དང་།ལུ་མ་དང་།ཁྲུས་ཀྱི་རྫིང་བུ་ལྟེང་ཀ་ལ་སོགས་པ་དང་།ལྷའི་བུ་མོས་དགའ་བར་བྱེད་ཅིང་འཛུམ་མདངས་དང་བཅས་རྩེ་འཇོ་ལ་རོལ་བས་རྒྱལ་པོ་བདེ་བར་འགྱུར་བ་དེ་དང་།བཞི་པ།གོས་ནི་ཐགས་བཟང་པོ་མཆོག་ཏུ་འཇམ་པ་དྲི་མས་མ་གོས་པ་ཡིན་ཏེ།ལུས་ལ་གྱོན་ན་གྲང་བ་དང་དྲོ་བ་དང་།བཀྲེས་པ་དང་སྐོམ་པ་དང་དུབ་པའི་གནོད་པ་མེད་ལ།མེ་དང་མཚོན་གང་གིས་ཀྱང་བསྲེག་པ་དང་གཅོད་པར་མི་ནུས་པ་དེ་དང་།ལྔ་པ།ལྷམ་ནི་འཁོར་ལོས་བསྒྱུར་པའི་རྐང་པ་ལ་གྱོན་པ་ན་ཇི་ལྟར་སྐམ་ལ་རྐང་བ་མི་འབྱིང་བ་དེ་བཞིན་དུ་ཆུ་ལ་ཡང་མི་འབྱིང་བ།གལ་ཏེ་དཀྱིལ་འཁོར་གྱི་སྔོན་ལ་འགྲོ་བ་ན་དཔག་ཚད་བརྒྱར་ཡང་འགྲོ་བར་འགྱུར་ཞིང་ལུས་ལ་ངལ་བ་མི་འབྱུང་བ་དེ་དང་།དྲུག་པ།ཁང་ཁྱིམ་ནི་དེའི་ནང་དུ་མཚན་མོ་ཟླ་བ་ལྟར་འོད་སྣང་ཞིང་གཟའ་དང་རྒྱུ་སྐར་དང་སྐར་མདའ་དག་ཀྱང་དེའི་ཁྱིམ་དེར་ལྟ་བར་འདོད་ཚེ་ཉེ་བར་འོང་བ་འགྱུར་ཞིང་།དགུན་སོགས་གྲང་དུས་སུ་དྲོ་བ་དང་།སོས་སོགས་ཚ་དུས་སུ་བསིལ་བའི་རླུང་ལྡང་བ་ཡིད་དུ་བདེ་བ་དང་།བདུན་པ།མལ་ཆ་ནི་སྔས་མཐོ་ལ་གཞན་ཁོད་སྙོམས་ཤིང་མཐོ་དམའ་མེད་པ།མནན་ན་ནེམ་ཞིང་འཕར་བ།འཇམ་ཞིང་བདེ་བ་གལ་ཏེ་བསམས་ན་དེའི་བསམ་པས་བློ་གྲོས་རྣམ་པར་གྲོལ་ཞིང་བློ་གསལ་བ།ཉོན་མོངས་པའི་འདོད་ཆགས་ཟིལ་གྱིས་གནོན་ཅིང་བྲལ་བ་བྱེད་པ་བཅས་ཡིན་པགཡའ་སེལདང་གླག་ཆོས་འགྲུབ་ཀྱིས་མཛད་པའིབདེ་སྨོན་འགྲེལ་པསོགས་ལས་གསུངས་སོ།།
  • 顶 0