གངས་ལྗོངས་འབྲི་གུང་སྤྲེལ་ལོའི་བཀའ་ཆོས་ཆེན་མོ།

2016-08-15
0

གངས་ལྗོངས་འབྲི་གུང་སྤྲེལ་ལོའི་བཀའ་ཆོས་ཆེན་མོ། 

  འདི་ལའང་བྱུང་རིམ་དང་ལས་རིམ་གཉིས་ཀྱི་དང་པོ་ནི། རྗེ་འཇིག་རྟེན་གསུམ་མགོན་གྱི་སྐུ་དུས་ནས་བརྒྱད་གྱི་བར་དུ་བཤད་སྒྲུབ་ཀྱི་བཀའ་ཆོས་རྒྱུན་མ་ཆད་པར་གནང་སྲོལ་བྱུང་། བརྒྱད་པའི་དུས་སུ་རབ་བྱུང་ལྔ་པའི་ལྕགས་སྟག་(སྤྱི་ལོ་༡༢༩༠)ལོར་ས་འབྲི་གླིང་ལོག་བྱུང་ནས་བཟུང་། ཐོག་མར་དབྱར་ཆོས་དང་དགུན་ཆོས་ཞེས་གོང་མའི་སྲོལ་ལས་ཅུང་ཟད་བསྡུས་ཙམ་མཛད་སྲོལ་དར་ཞིང་། དབྱར་ཆོས་ཕྱག་ཆེན་ལྔ་ལྡན་དང་། དགུན་ཆོས་ནཱ་རོ་ཆོས་དྲུག དེའི་རྒྱབ་ཆོས་བསྟན་སྙིང་དང་དགོངས་གཅིག་སོགས་གནང་བའི་རྒྱུན་བཙུགས་ཤིང་རིམ་པར་དཔྱིད་ཆོས་དང་སྟོན་ཆོས་བཅས་དུས་བཞིར་གནང་བའི་སྲོལ་དར་བ་དེ་གདན་རབས་བཅུ་གསུམ་པ་ཝང་རིན་ཆེན་དབང་རྒྱལ་གྱི་དུས་ཉམས་པར་གྱུར་ཀྱང་། གདན་རབས་བཅུ་དྲུག་པ་རྗེ་ཀུན་དགའ་རིན་ཆེན་གྱིས་(སྤྱི་ལོ་༡༤༩༥)དབྱར་ཆོས་དང་དགུན་ཆོས་ཀྱི་སྲོལ་བསྐྱར་གསོ་མཛད་ནས་གདན་རབས་ཉེར་བཞི་པ་རིག་འཛིན་ཆོས་ཀྱི་གྲགས་པའི་སྐུ་ཚེའི་དཀྱིལ་བར་མ་ཉམས་པར་གནས། དགའ་ལྡན་ཕོ་བྲང་གི་སྲིད་གཞུང་ཚུགས་ནས་ཉམས་པར་གྱུར་པས་གདན་རབས་ཉེར་ལྔ་པ་རྗེ་འཕྲིན་ལས་བཟང་པོས་ཆོས་བཞིར་མཛད་དེ་སྤྲེལ་ལོའི་བཀའ་ཆོས། ཕག་ལོའི་བཀའ་ཆོས། སྟག་ལོའི་བཀའ་ཆོས། སྦྲུལ་ལོའི་བཀའ་ཆོས་ཞེས་པ་དར་ནས་ལོ་གསུམ་རེར་སྒྲུབ་གྲྭ་རྣམས་བརྗེ་ལེན་དང་བསྐོ་བཞག་རྣམས་ཕྱག་བཞེས་མཛད་སྲོལ་བསྐྱངས། དེ་རྗེས་སྟག་ལོའི་བཀའ་ཆོས་དེ་མེད་པར་གྱུར་ཅིང་བཀའ་ཆོས་གསུམ་གྱི་རྒྱུན་ད་ལྟའི་བར་དུ་གནས་པ་ཡིན་ནོ། 

  ཚུགས་ཡུལ་ཐོག་མ་ནི་འབྲི་གུང་ཐེལ་དང་། འབམ་ཐང་དང་། གཡག་རུ་ཐང་། འབྲི་གུང་ཐང་གསུམ་ལ་མཛད་པའི་ཚུལ་རྗེ་སྐྱོབ་པའི་རྣམ་ཐར་རྡོ་རྗེ་འབར་བར་གསུངས། དབྱར་ཆོས་སྐབས་འགར་མཚེའུ་ཁར་གནང་སྲོལ་བྱུང་། ཕྲིན་ལས་བཟང་པོའི་སྔོན་དུས་སུ་ཡང་སྒར་དང་རྩེ་བ། ཐེལ། བླ་ཐང་། གཏེར་སྒྲོམ་སོགས་སུ་མཛད་སྲོལ་བྱུང་འདུག ཕྱིས་སུ་གཏན་འཇགས་ཀྱི་མཛད་སྲོལ་བྱུང་། སྤྲེལ་ལོ་དེ་ཡང་རྩེ་བ་དང་ཡང་སྒར་དུ་ཚུགས་མྱོང་ཡང་ཕྱིས་རྗེ་ཕྲིན་ལས་བཟང་པོས་རྗེ་གོང་མ་འགས་གཏེར་སྒྲོམ་འབྲོང་ངུར་དུ་སྤྲེལ་ལོའི་སྤྲེལ་ཟླར་ཚོགས་མཆོད་འབུལ་སྲོལ་ཡོད་པ་དང་སྟབས་བསྟུན་ནས་འབྲོང་ངུར་དུ་གནང་བས་རིམ་གྱིས་ཆེར་གྱུར་ལ་༧སྐྱབས་མགོན་བསྟན་འཛིན་འགྲོ་འདུལ་གྱིས་སྐབས་སུ་འབྲོང་ངུར་སྒྲུབ་སྡེ་རྒྱ་བསྐྱེད་ཀྱང་མཛད། དེ་ཡང་སྤྲེལ་ལོའི་དུས་མཆོད་ཅེས་ཙ་རིའི་གནས་བདག་འབྲི་གུང་ཆོས་རྗེ་ཙ་རིར་ཕེབས་ནས་ཚོགས་མཆོད་འབུལ་དགོས་ཀྱང་ཕྱིས་རྡོར་འཛིན་གྱིས་འཐུས་པ་བྱས་ཤིང་སྟོང་དཔོན་་སྐུ་ཚབ་ཏུ་བསྐོས་ནས་གཏོང་སྲོལ་དར། ཙ་རི་དང་ཏི་སྒྲོ་གཉིས་མ་མཁའ་འགྲོ་འདུ་བའི་གནས་སུ་གཅིག་པས་འདིར་ཚོགས་མཆོད་འབུལ་བའི་རྒྱུན་ཡོད་པ་དེ་ཕྱིས་སུ་བཀའ་ཆོས་ཀྱི་བྱ་རིམ་དུ་འཕེལ་འགྱུར་བྱུང་བ་ཡིན་ནོ། 

 

 

  

  • 顶 0