མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་གྱི་གནས་ཡིག་མཚམས་སྦྱོར།

2016-06-24
0

  མཆོད་རྟེན་བྱ་རུང་ཁ་ཤོར་ནི་བལ་ཡུལ་གྱི་གྲགས་ཅན་གནས་ཆེན་ཞིག་ཡིན་ལ། བོད་དར་ནང་བསྟན་བསྟན་པ་སྔ་དར་ལོ་རྒྱུས་ནང་རྟག་ཏུ་འཕྲད་སྲིད་པའི་ལྷ་སྒྲུང་རང་བཞིན་གྱི་ལོ་རྒྱུས་སྒྲུང་གཏམ་ཞིག་ཀྱང་ཡིན། དུས་ད་ལྟའང་འཛམ་གླིང་ས་ཕྱོགས་ཁག་གི་ནང་བསྟན་དང་ལྡན་པ་ཚོས་གནས་མཇལ་དང་བལྟ་སྐོར་དུ་བསྐྱོད་དང་བསྐྱོད་བཞིན་པ་ཡིན། རང་ཉིད་ཀྱིས་སྔོན་མ་ནས་མཆོད་རྟེན་བྱ་རུང་ཁ་ཤོར་སྐོར་གྱི་ལོ་རྒྱུས་ཤེས་འདོད་ཆེ་ཙམ་ཡོད་ཀྱང་། ད་ཕན་གླང་དར་དང་འབྲེལ་བའི་ངག་སྒྲུང་ཙམ་ལས་ཡིད་ཆེས་པའི་ཡིག་ཆ་ཚང་མ་བརྙེད། ད་ལྟ་ཕུན་སུམ་ཚོགས་ལ་གྲྭ་རྒྱས་པའི༼དུང་དཀར་ཚིག་མཛོད་ཆེན་མོ༽ཤོག་གྲངས་༡༤༦༩ནང་བལ་ཡུལ་དུ་ཡོད་པའི་མཆོད་རྟེན་ཆེན་པོའི་ནང་དུ་སངས་རྒྱས་འོད་སྲུང་གི་རིང་བསྲེལ་སོགས་ཡོད་ཟེར། འདི་མཇལ་བར་བོད་ནས་འགྲོ་མི་མང་པོ་ཡོད། འདིའི་དཀར་ཆག་ཅིག་ཁོ་བོས་མཐོང་ཡང་རྩོམ་པ་པོ་སུ་ཡིན་སེམས་ལ་མ་ངེས། རྗེས་སུ་འདི་སྐོར་གྱི་ལོ་རྒྱུས་ཞིབ་ཕྲ་རྙེད་ན་འདིར་ཁ་སྐོང་དུ་འཇུག་དགོས་ཞེས་གསལ། ཡང༼བོད་རྒྱ་ཚིག་མཛོད་ཆེན་མོའི༽ནང་མིང་ཙམ་ཡང་བཀོད་མི་འདུག ད་ལྟ་ཁོ་བོར༼༄༅།།ནེ་པཱལ་ནང་པའི་གནས་ཡིག་དངུལ་དཀར་མེ་ལོང༽ཞེས་པའི་གནས་ཡིག་ཞིག་ལག་འབྱོར་བྱུང་། དཔེ་དེབ་དེའི་ནང་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས་ཅུང་རྒྱས་ཙམ་འདུག་པས་འདིར་ཁོ་བོས་གནས་ཆེན་དེའི་ལོ་རྒྱུས་རྟོགས་འདོད་ཡོད་པ་རྣམས་ལ་སྤྱན་འབུལ་ཞུ་རྒྱུ་ཡིན།

 

                          མཐོང་གྲོལ་མཆོས་རྟེན་ཆེན་པོ་བྱ་རུང་ཁ་ཤོར།

  མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ནི། བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུག་བསྐྱེད་ཀྱི་སྤྲུལ་པ་ལྷའི་བུ་མོ་གང་ཆུང་མ་བྱ་བ་ཞིག་ཡོད་པ་མིའི་གནས་སུ་ལྷུངས་པས་བལ་པོ་མ་གུ་ཏིའི་ཡུལ་གྲུ་རུ། བྱ་རྫིའི་བུ་མོ་བདེ་མཆོག་ཅེས་བྱ་བར་སྐྱེས་ཏེ་བྱ་འཚོ་བའི་ལས་བྱས་ཤིང་། རིགས་ངན་བཞི་དང་བཤོས་པས་བུ་བཞི་སྐྱེས་པ། དང་པོ་རྟ་རྫིའི་བུ་གཅིག དེ་འོག་ཕག་རྫིའི་བུ་གཅིག དེའི་འོག་ཁྱི་རྫིའི་བུ་གཅིག དེ་འོག་བྱ་རྫིའི་བུ་གཅིག་སྟེ་བུ་བཞི་སྐྱེས་པ་དེ་དག་ཐམས་ཅད་མས་བྱ་འཚོས་པའི་གླ་བསགས་ནས་ཁྱིམ་པ་རབ་ཐང་དུ་ཕོག ད་དུང་གླའི་ལྷག་མ་བསགས་པས་ནོར་མང་པོ་བྱུང་བས་བྱ་རྫི་མའི་བསམ་པར་ངས་བྱ་འཚོས་པའི་གླ་བསགས་པ་ལའང་ནོར་མང་པོ་རྙེད་པ་འདི་ཀུན་ལ་སྙིང་པོ་ལེན་པའི་ཆེད་དུ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རྐྱེན། ང་རང་གི་ཡིད་དམ། འགྲོ་བ་དཔག་ཏུ་མེད་པའི་བསོད་ནམས་གསོག་པའི་ཞིང་། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ཞིག་བཞེངས་པར་བྱའོ་སྙམ་ནས་རྒྱལ་པོ་ཆེན་པོའི་དྲུང་དུ་ཕྱིན་ནས་ལོ་རྒྱུས་ཞིབ་ཏུ་གསོལ་ཏེ་ས་ཆ་གསོལ་རས་གནང་བར་ཞུས་པས། རྒྱལ་པོའི་ཐུགས་ལ། མོ་དབུལ་མོ་བྱ་རྗི་མ་ཞིག་གིས་གླའི་ལྷག་མ་བསགས་མཆོད་རྟེན་རྒྱ་ཆེན་པོ་བཞེངས་པར་བསམ་པ་ངོ་མཚར་ཆེ་བར་དགོངས་ཏེ་དེ་ལྟར་བྱ་རུང་ཞེས་བཀའ་བསྩལ་བས། མ་བུ་ལྔ་དང་བྲན་གཡོག་གཅིག་བཅས་ཀྱིས་གླང་པོ་ཆེ་གཅིག་དང་། བོང་བུ་གཅིག་ཡོད་པ་ལ་སོ་ཕག་བཀལ་ཏེ་མཆོད་རྟེན་ཆེན་པོའི་རྨང་གཞི་བཏིངས་ཏེ་བརྩིགས་པས་ཁྲི་འཕང་གསུམ་དུ་སླེབས་པའི་ཚེ་ཡུལ་མི་རྣམས་ཕྲག་དོག་གིས་ཡིད་མ་དགའ་བར་ཐམས་ཅད་གྲོས་བྱས་ཏེ་རྒྱལ་པོའི་དྲུང་དུ་བཅར་ནས། མོ་དབུལ་མོ་བྱ་རྫི་མ་གཅིག་གི་མཆོད་རྟེན་འདི་ལྟ་བུ་བཞེངས་ན། ཁྱེད་རྒྱལ་པོ་དང་བློན་པོ་ཕྱུག་པོ་ལ་སོགས་པ་དྲག་པ་ཀུན་གྱི་དགེ་རྩ་ཇི་ལྟ་བུའི་མཆོད་རྟེན་བཞེངས། འདི་བརྩིག་ཏུ་བཅུག་ན་རང་རེ་ཀུན་ལ་གནོད་པས། བརྕིག་ཏུ་མ་བཅུག་པ་འཐད་དོ་ཞུས་པས། རྒྱལ་པོ་ཆེན་པོས། མོ་དབུལ་མོ་བྱ་རྫི་མ་གཅིག་གིས་བྱ་འཚོས་པའི་གླ་བསགས་པས་ཀྱང་ཕ་མི་གཅིག་པའི་བུ་བཞི་ཁྱིམ་པ་རབ་ཐང་དུ་ཕོག སླར་ཡང་གླའི་ལྷག་མ་བསགས་པ་ལའང་མཆོད་རྟེནཆེན་པོ་འདི་ལྟ་བུ་བཞེངས་པར་སེམས་པ་ངོ་མཚར་ཆེ་བས་ན། ངས་ནི་བྱ་རུང་ཟེར་བ་ཁ་ནས་ཤོར་རོ། རྒྱལ་པོའི་སྨྲ་བ་ལན་གཅིག་ཡིན་ནོ་གསུངས་པས། གཞན་མི་རྣམས་ཀྱིས་བཀག་ཀྱང་མི་ཁོགས་པར་བརྩིགས་པས་མཆོད་རྟེན་གྱི་མཚན་ཡང་བྱ་རུང་ཁ་ཤོར་དུ་གྲགས་སོ། དེ་ནས་རྒྱུན་མ་ཆད་པར་བརྩིགས་པས་ལོ་བཞི་ལ་བུམ་པ་མན་ཆོད་གྲུབ་པའི་ཚེ། བྱ་རྫི་མ་བདེ་མཆོག་དེ་ཉིད་ཚེའི་དུས་བྱེད་པར་ཤེས་ཏེ་བུ་བཞི་གཡོག་དང་བཅས་པ་ལྔ་ལ་སྨྲས་པ། ཁྱེད་རྣམས་ཀྱིས་ངའི་ཡི་དམ། འགྲོ་བ་སེམས་ཅན་ཐམས་ཅན་ཀྱི་བསོད་ནམས་གསོག་པའི་ཞིང་མཆོག་ཏུ་གྱུར་བའི་མཆོད་རྟེན་ཆེན་པོ་འདི་བཞེངས་ནས་ནང་དུ་དེ་བཞིན་གཤེགས་པའི་རིང་བསྲེལ་བཞུགས་སུ་གསོལ་ཏེ་རབ་གནས་རྒྱ་ཆེན་པོ་གྱིས་ཤིག་ཅེས་སྨྲས་ཏེ་འཇའ་འོད་ཀྱི་ཚོགས་དང་བཅས་ཏེ་མཆོད་རྟེན་ཆེན་པོ་འདི་ཉིད་བཞེངས་པའི་ཕན་ཡོན་གྱིས་མ་བྱ་རྫི་མ་བདེ་མཆོག་དེ་ཉིད་དམ་ཚིག་ལྷ་མོ་ཧ་ཞེས་བྱ་བར་སངས་རྒྱས་སོ། དེ་ནས་བུ་རྣམས་ཀྱིས་མའི་དགེ་རྩ་དྲིན་ལན་གསབ་པའི་ཆེད་མཆོད་རྟེན་ལ་བུམ་པ་བརྩིག་དགོས་ཟེར་ནས་སླར་ཡང་ལོ་གསུམ་བརྩིགས་པས་ལེགས་པར་གྲུབ་སྟེ། དེ་བཞིན་གཤེགས་པ་འོད་སྲུང་གི་རིང་བསྲེལ་མ་ག་དྷའི་བྲེ་གང་སྲོག་ཤིང་གི་ནང་དུ་བཞུགས་སུ་གསོལ། མཆོད་པའི་ཚོགས་དཔག་ཏུ་མེད་པ་བཤམས་ནས་རབ་ཏུ་གནས་པའི་མེ་ཏོག་འཐོར་བའི་ཆ། མདུན་གྱི་ནམ་མཁར་དེ་བཞིན་གཤེགས་པ་འོད་སྲུང་འཁོར་དང་བཅས་པ་དང་། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་།

  བྱང་ཆུབ་སེམས་པ་སོགས་བསམ་གྱིས་མི་ཁྱབ་པ་རྣམས་བྱོན་ནས། མེ་ཏོག་འཐོར་ཞིང་བཀྲ་ཤིས་མངའ་གསོ་རྒྱ་ཆེན་པོ་མཛད་པོ་མཛད་པས། ས་ཆེན་པོ་འདི་ཡང་ལན་གསུམ་གྱི་བར་དུ་གཡོས་པ་དང་། དེ་བཞིན་གཤེགས་པའི་ཚོགས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པ་བཅས་ངོ་མཚར་བའི་ལྟས་དེ་ལྟར་བསྟན་པའི་དུས་དེར། སངས་རྒྱས་བྱང་ཆུབ་སེམས་པའི་ཚོགས་དཔག་ཏུ་མེད་པ་དེ་དག་ཐམས་ཅད་ཀྱི་ཞལ་ནས་འགྲིན་དབྱངས་གཅིག་ཏུ། ཀྱེ། སྐལ་བ་མཆོག་དང་ལྡན་པའི་རིགས་ཀྱི་བུ་རྣམས་ཉོན་ཅིག ཁྱེད་རྣམས་ཀྱི་ལྷག་པའི་བསམ་པ་རྣམ་པར་དག་པས། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པ་ཆོས་ཀྱི་སྐུའི་རྟེན་མཆོག་ཏུ་གྱུར་པའི་མཆོད་རྟེན་ཆེན་པོ་འདི་ལྟ་བུ་བཞེངས་པའི་ཕན་ཡོན་གྱིས། རང་རང་གི་སྨོན་ལམ་ཅི་བཏབ་པ་ཐམས་ཅད་འགྲུབ་པར་འགྱུར་བས་ཐོབ་ཅིག་ཅེས་བཀའ་བསྩལ་བྱུང་བས། དེར་བུ་རྣམས་གྲོས་བྱས་ཏེ། དང་པོ་རྟ་རྫིའི་བུ་དེས། བདག་གི་ལྷག་བསམ་རྣམ་པར་དག་པར་མའི་མཆོད་རྟེན་ལ་བུམ་པ་བརྩེགས་པའི་ཕན་ཡོན་གྱིས་མ་འོངས་སྙིགས་མ་ལྔ་བདོའི་དུས་སུ་འཁྱུག་པ་འཁྱག་པའི་ཡུལ་མཐའ་འཁོབ་ཏུ་དེ་བཞིན་གཤེགས་པ་ཤ་ཀྱཱ་ཐུབ་པའི་བསྟན་པ་དར་བའི་སྐབས། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་ཞིག་ཏུ་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེན་པོ་ཆེ་འཛུགས་པར་ཤོག་ཅེས་བརྗོད་དོ། དེ་འོག་ཕག་རྫིའི་བུའི་སྨོན་ལམ་ནི།

  ཕུ་བོ་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་ནས་བསྟན་པ་འཛུགས་པའི་དུས་བདག་ནི་དགེ་སློང་རྣམ་པར་དག་པ་ཞིག་ཏུ་སྐྱེས་ནས། དགེ་འདུན་ཐམས་ཅད་རབ་ཏུ་བྱུང་བར་བྱེད་པའི་མཁན་པོ་ཞིག་ཏུ་སྐྱེ་རབ་ཤོག་ཅེས་བརྗོད་དོ། དེ་འོག་ཁྱི་རྫིའི་བུའི་སྨོན་ལམ་ནི། ཕུ་བོ་གཉིས་གཅིག་གིས་སངས་རྒྱས་ཀྱི་བསྟན་པ་འཛུགས། གཅིག་གིས་བསྟན་པ་འཛིན་པའི་དུས་སུ་བདག་ནི་མངལ་ནས་མ་སྐྱེས་པར་མེ་ཏོག་པདྨའི་སྡོང་པོ་ལས་བརྫུས་ཏེ་སྐྱེས་པ། སྐྱེས་ཤི་རྒྱུན་བཅད་དེ་ཚེ་ཉི་ཟླ་དང་མཉམ་པ། ནུས་པས་ལྷ་འདྲེ་མི་གསུམ་འདུབ་གཅིག་ཏུ་སྐྱེས་ནས་མཐའ་འཁོབ་དེ་ཉིད་ཀྱི་འདྲེ་སྲིན་གདུག་པ་ཅན་ཐམས་ཅན་འདུལ་བ་དང་། ཁྱེད་གཉིས་ཀྱི་བསམ་པ་བསྒྲུབ་ཅིང་སངས་རྒྱས་ཀྱི་བསྟན་པ་མཐའ་དག་བསྲུངས་བའི་སྔགས་འཆང་ནུས་པ་ཅན་ཞིག་ཏུ་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ་བོ། དེ་འོག་བྱ་རྫིའི་བུའི་སྨོན་ལམ་ནི། ཕུ་བོ་གསུམ་གཅིག་གིས་སངས་རྒྱས་ཀྱི་བསྟན་པ་བཙུགས། གཅིག་གིས་སྲུངས་བའི་དུས་སུ་འཁྲུངས་ཡུལ་གཅིག་ཏུ་འོངས་པའི་ངེས་པ་མེད་པས། བདག་ནི་ཁྱེད་རྣམས་མཇལ་འཕྲད་བྱེད་པའི་བཀའི་འཕྲིན་བློན་གཅིག་ཏུ་སྐྱེ་བར་ཤོག་ཅེས་བཏབ་བོ། དེའི་ཚེ་སངས་རྒྱས་བྱང་ཆུང་སེམས་པ་ཐམས་ཅད་མགྲིན་དང་དབྱངས་གཅིག་ཏུ། སྐྱེ་རིགས་ཀྱི་བུ་སྐལ་བ་མཆོག་དང་ལྡན་པ་ཁྱེད་རྣམས་ཀྱིས། སྨོན་ལམ་ཆེན་པོ་བཏབ་པ་ལེགས་སོ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རྗེས་སུ་ཡིན་རངས་ངོ། འདི་ལྟ་བུའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་དུས་གསུམ་སངས་རྒྱས་ཐམས་ཅན་ཀྱིས་ཀྱང་བགྲང་བར་མི་ནུས་སོ་ཞེས་བཀའ་བསྩལ་ཏོ། དེ་ནས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འོད་ཟེར་གྱི་གོང་བུ་གཅིག་ཏུ་གྱུར་ནས། མཆོད་རྟེན་ཆེན་པོ་དེ་ཉིན་ལ་ཐིམས་པས། དེ་སྐབས་མཆོད་རྟེན་གྱི་མཚན་ཡང་སངས་རྒྱས་ཐམས་ཅད་འདུས་པའི་མཆོད་རྟེན་དུ་གྲགས་སོ། དེའི་ཚེ་རྟ་རྫི་བུ་ལ་སྦྲང་བུ་གཅིག་གིས་སོ་བཏབས་པར་ལག་པས་ཤད་ཤད་བྱས་པ་དེ་ཤི་བའི་རོ་བྱུང་བས། སྙིང་རྗེ་དཔག་མེད་སྐྱེས་ནས། བདག་འཁྱག་པ་འཁྱག་པའི་ཡུལ་ཆོས་སྐྱོང་བའི་རྒྱལ་པོར་སྐྱེ་བའི་དུས་སུ་སྦྲང་བུ་འདི་ཉིད་སྲས་སུ་སྐྱེས་ཏེ་ཆོས་ལ་སྤྱོད་པར་ཤོག་ཅེས་སྨོན་ལམ་བཏབ་བོ།  སྐབས་དེར་བོང་བུ་དེའི་བསམ་པ་ལ་ཡང་སྨོན་ལམ་ཅིག་འདེབས་ཏེ་འོང་བསམ་པ་ལ། ཅི་ཡང་བཏབ་མ་བྱུང་བས་བོང་བུ་ཁྲོས་ནས། ཁོ་ཆོས་སྐྱོང་བའི་རྒྱལ་པོར་སྐྱེས་ནས་བསྟན་པ་འཛུགས་པའི་དུས་སུ། ང་ནི་ཆོས་ལ་མི་དགའ་བའི་བློན་པོ་ཞིག་ཏུ་སྐྱེས་ནས་རྒྱལ་པོ་ཁོ་ལ་ཅི་ཡང་བྱ་དབང་མེད་པ་ཤོག་ཅེས་བྱས་སོ། དེ་སྐད་ཅིག་བརྗོད་པ་གཡོག་པོས་ཐོས་པས། བདུད་བློན་དེ་ཉིད་ཀྱི་གཡོ་ཐབས་དང་ནུས་པ་བཟློག་ཅིང་འཇོམས་པར་བྱེད་པའི་ཆོས་བློན་མཁས་པ་ཞིག་ཏུ་བདག་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ་བོ། ཡང་གླང་པོ་དེས་ཀྱང་རྡོ་འདི་ཙམ་བསྐྱལ་ཀྱང་ཁོ་ཚོས་ང་ལ་སྨོན་ལམ་ཅི་ཡང་མི་འདེབས་ན། ཁོང་རྣམས་ཀྱིས་བཙུགས་པའི་བསྟན་པ་དེ་རྒྱལ་པོ་དེའི་བུའམ་ཚ་བོར་སྐྱེས་ཏེ་ངས་བསྣུབ་པར་ཤོག་ཅིག་བྱས་སོ། དེ་སྐད་ཅིག་བརྗོད་པ་བྱ་རོག་གཅིག་གིས་ཐོས་པས་ཁོ་དེ་ལྟ་བུའི་རྒྱལ་པོར་སྐྱེས་ནས་སངས་རྒྱས་ཀྱི་བསྟན་པ་སྣུབ་བའི་དུས་སུ། བདག་ནི་བྱང་ཆུབ་སེམས་པ་ཆེན་པོ་ཞིག་ཏུ་སྐྱེས་ནས་བདུད་ཀྱི་རྒྱལ་པོ་དེ་ཉིད་གསོད་པར་ཤོག་ཅེས་སྨོན་ལས་བཏབ་བོ། གཞན་ཡང་དེའི་ཚེ་བསྟན་པ་དང་སེམས་ཅན་ལ་ཕན་པའི་སྨོན་ལམ་བཏབ་པ་ནི་གྲངས་ལས་འདས་སོ། དེ་ལྟར་བཏབ་པའི་སྨོན་ལམ་རྣམས་མ་ལུས་པར་འགྲུབ་པ་ནི། དེའི་དུས་སུ་རྟ་རྗིའི་བུས་རྒྱལ་པོར་སྐྱེ་བའི་སྨོན་ལམ་བཏབ་པ་ནི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡིན་པ་དང་། ཕག་རྫིའི་བུས་མཁན་པོར་སྐྱེ་བའི་སྨོན་ལམ་བཏབ་པ་ནི། སློབ་དཔོན་པདྨ་འབྱུང་གནས། བྱ་རྫིའི་བུས་འཕྲིན་བློན་དུ་སྐྱེ་བའི་སྨོན་ལམ་བཏབ་པ་ནི། ཡར་ཀླུང་གི་ཝ་མི་ཁྲི་བཞེད། སྦྲང་བུ་དེ་ནི་རྒྱལ་པོའི་སྲས་མོ་ལྷ་ལྕམ་པདྨ་གསལ། བོང་བུས་སྨོན་ལམ་ལོག་པ་བཏབ་པ་ནི། བདུན་བློན་མ་ཞང་ཁྲོམ། ཆོས་བློན་པདྨ་གུང་བཙན། གླང་པོས་སྨོན་ལམ་ལོག་པ་བཏབ་པ་ནི་རྒྱལ་པོ་གླང་དར། བྱ་རོག་གིས་བདུན་རྒྱལ་གསོད་པའི་སྨོན་ལམ་བ་བཏབ་པ་ནི། བྱང་ཆུབ་སེམས་དཔའ་ལྷ་ལུང་དཔལ་གྱི་རྡེ་རྗེ་ཡིན་པ་བཅས་སོ།།

  • 顶 0