རྒྱ་ནག་རི་བོ་རྩེ་ལྔའི་དཀར་ཆག

2016-06-23
0

 

                         རྒྱ་ནག་རི་བོ་རྩེ་ལྔའི་དཀར་ཆག་ངེས་གསང་ལུང་གི་སྙིང་བོ་ཞེས་བྱ་བ་བཞུགས་སོ།  

  ཨཿཀུན་ཁྱབ་མཐའ་བྲལ་བོན་སྐུའི་ངོ་བོ་ལས། །ལྷུན་གྲུབ་རང་གསལ་རྫོགས་སྐུའི་དཀྱིལ་འཁོར་ཤར། །གང་འདུལ་ཐུགས་རྗེའི་སྤྲུལ་སྐུ་གྲངས་མེད་འཕྲོ། །སྐུ་གསུམ་དབྱེར་མེད་བླ་མར་གུས་ཕྱག་འཚལ། །གནས་ལུགས་མ་བཅོས་མཐའ་བྲལ་སྟོང་ཆེན་གཤིས། །འཁོར་འདས་སྣང་སེམས་འོད་གསལ་རང་ཤར་གདངས། །མ་ཡེང་གཉུག་མའི་ངང་དུ་རོལ་གཅིག་པ། །ཉམས་རྟོགས་དབྱེར་མེད་གཅིག་ཏུ་ཆམ་མེར་བཞག །ཐུགས་བསྟན་གཉེར་འཛིན་བླ་ཆེན་ཁོད་སྤུངས་རྗེ། །ཟབ་གཏེར་བདག་ཉིད་གཤེན་ཆེན་ཀླུ་དབང་མཚན། །བཀའ་གཏེར་སྲུང་མ་ཡེ་ཤེས་ཌཱཀྐི་ཡུམ། །བཀའ་འབབ་བརྡ་ལས་ལུང་ཚིག་འདི་ལྟར་དཀྲོལ། །རྒྱ་ནག་ཡུལ་གྱི་ལྷོ་ཤར་སྦས་པའི་གནས། །རིགས་རྟགས་ལྔ་ལྡན་གནས་མཆོག་ཁྱད་པར་འཕགས། །ཕྱི་ལྟར་རི་ལྔ་རིགས་རྟགས་བརྒྱན་པའི་ཚུལ། །ནང་ལྟར་རིག་འཛིན་ལྔ་ཡི་སྐུ་ལྔའི་རྟེན། །གསང་བ་བརྒྱུད་པ་ལྔ་ལྡན་གྲུབ་པའི་གནས། །ཡང་གསང་ཡེ་ཤེས་ལྔ་ལྡན་མཁའ་སྤྱོད་ཞིང་། །དབུ་རི་དབྱིབས་ནི་ཞི་རྒྱས་དབང་དྲག་ཚུལ། །རྩེ་རུ་འཇའ་འོད་སྣ་ལྔའི་གཞལ་ཡས་ཁང་། །རིག་འཛིན་མཁའ་འགྲོ་ངོ་མཚར་ཚོགས་ཁང་ཡོད། །ཤར་གྱི་རི་ལ་ཤེས་རབ་སྨྲ་སེང་གི། །སྒྲུབ་པའི་གནས་དང་གཡུ་ཕུག་རང་བྱུང་དང་། །བྱང་ཕྱོགས་རི་ལ་ཁྲོ་བོ་ལྷ་རྒོད་ཀྱི། །ཐུགས་འཛབ་སྔགས་དང་སྐུ་གཟུགས་རང་བྱུང་ཡོད། །ནུབ་ཀྱི་རི་ལ་རིག་འཛིན་གྲུབ་ཆེན་གྱི། །གསང་བའི་སྒྲུབ་ཕུག་བཅུ་ཕྲག་བརྒྱད་ཙམ་ཡོད། །བླ་ཆེན་དྲན་པ་ནམ་མཁའི་སྐུ་རྗེས་དང་། །འོད་ལྡན་མཁའ་འགྲོའི་ཕྱག་ཆ་སིལ་སྙན་དང་། །དབུལ་ཕོངས་སེལ་བའི་ནོར་སྒྲུབ་གཏེར་དུ་ཡོད། །ལྷོ་ཡི་རི་ལ་གསང་མཆོག་མཐར་ཐུག་གི། །ཐུགས་ལས་སྤྲུལ་བའི་དཀྱིལ་འཁོར་རང་འགྲུབ་དང་། །མཁའ་འགྲོ་འུག་པའི་གདོང་ཅན་རང་བྱུང་ཡོད། །དབུ་རིའི་མདུན་དུ་བླ་ཆེན་དྲན་པ་ཡི། །སྒྲུབ་ཕུག་རང་བྱུང་ཤེལ་ལས་གྲུབ་པ་དང་། །ཨ་ཨཱོྃ་ཧཱུྃ་དང་གཡུང་དྲུང་གཡས་སྐོར་ཡོད། །དབུ་རིའི་གཡས་ཟུར་བྲག་ཕུག་ངོ་མཚར་ཅན། །རང་འབྱུང་མཐོང་སྒོ་མ་སྒྲིབ་གསལ་བ་ལ། །ལས་དག་རྣམས་ཀྱིས་ཞི་ཁྲོའི་ལྷ་ཞལ་མཇལ། །ལྗོན་ཤིང་བསིལ་གཡབ་ཧཱུྃ་སྒྲ་བསྒྲོགས་པ་ལ། །ཏིང་འཛིན་སྒོམ་ན་ཉམས་རྟོགས་བརྒྱ་འགྱུར་འཕེལ། །རྒྱ་བོན་ཟིང་བས་ཕྱག་བྲིས་ཨ་དཀར་དང་། །རང་འབྱུང་ཆུ་མིག་གཡུ་ཡི་མདོག་ཅན་ཡོད། །ཤེལ་གྱི་རི་ལ་ཀོང་ཙེ་འཕྲུལ་རྒྱལ་གྱི། །སྨོན་ལམ་བཏབ་པའི་མཆོད་རྟེན་རང་འབྱུང་དང་། །གཤེན་རབ་སྟོན་པའི་ཕྱག་མཁར་རྗེས་ཀྱང་ཡོད། །དབུ་རིའི་རྒྱབ་ཏུ་སྦས་ཡུལ་གྲོང་ཁྱེར་དང་། །ལས་ལྡན་རྣམས་ཀྱིས་དངོས་གྲུབ་ཞུ་ས་ཡོད། །ཤར་རིའི་མདུན་དུ་ཚེ་དབང་རིག་འཛིན་གྱི། །ཕྱག་གི་རྗེས་དང་ཟབ་མོ་གཏེར་ཁ་ནི། །རྒྱལ་བློན་འབངས་ཀྱི་ཚུལ་དུ་གནས་པ་ཡོད། །བྱང་གི་རི་ལ་ཆུ་མིག་སྣ་ལྔ་ཡོད། །སྡིག་སྒྲིབ་དག་ཅིང་ཤེས་རབ་འཕེལ་བ་ཡིན། །ནུབ་ཀྱི་རི་ལ་རིག་འཛིན་འདུས་པའི་ཞིང་། །དུས་བཟང་རྣམས་ལ་དུང་གླིང་སྒྲ་ཡང་ཐོས། །ལྷོ་ཡི་རི་ལ་རིན་ཆེན་སྣ་ལྔ་ཡི། །གཏེར་ཁ་ལྔ་དང་རིག་འཛིན་མཁའ་འགྲོ་ཡི། །ཐུགས་སྒྲུབ་ཆ་ལག་ལྔ་ལྡན་གཏེར་དུ་ཡོད། །འདི་འདྲའི་གནས་མཆོག་ཁྱད་པར་འཕགས་པ་ལ། །བཀའ་རྟགས་རང་འབྱུང་ཡིག་འབྲུ་གྲངས་འདས་ཀྱང་། །རེ་རེ་བཤད་ཀྱང་དག་སྣང་མི་འབྱུང་བས། །དུས་ཀྱི་མཐའ་འདིར་ཅུང་ཙམ་སྦས་པར་བྱ། །དོན་འདུས་དཀར་ཆག་ངེས་གསང་སྙིང་བོ་འདི། །ཌཱཀྐིའི་བརྡ་དཀྲོལ་ཡི་གེའི་རིས་སུ་བྲིས། །གནས་འདི་ཞལ་མཇལ་ངན་སོང་སྐྱེ་སྒོ་ཁེགས། །བསྐོར་བ་གསུམ་གྱིས་ཕ་མའི་དྲིན་ལན་སོབ། །བསྐོར་བ་བཅུ་ཡིས་མཚམས་མེད་ལས་སྒྲིབ་བྱང་། །བསྐོར་བརྒྱ་བཞེངས་ན་ཐོད་པ་སླར་མི་ལེན། །རྐྱང་ཕྱག་འཚལ་ན་འགྲོ་འདྲེན་སྟོན་པར་སྐྱེས། །རྣམ་ལྔ་ཕུལ་ན་བསོད་ནམས་ཚོགས་ཆེན་རྫོགས། །ཚོགས་འཁོར་བསྐོར་ན་ས་ནོན་རིག་འཛིན་ཐོབ། །ལུང་ཟིན་གནས་མཆོག་ཁྱད་པར་འཕགས་པ་ལ། །དུས་མཐའི་འགྲོ་རྣམས་དག་སྣང་རྙེད་པར་ཤོག །བདག་དང་བདག་འདྲའི་བློ་རྨོངས་གཡེང་བ་ཅན། །གནས་འདིར་ཞལ་མཇལ་བསྐོར་ཚད་བཞེངས་ནུས་ཤིང་། །སྒྲིབ་བྱང་ཚོགས་རྫོགས་དོན་གཉིས་མཐར་ཕྱིན་ཤོག །མ་འོང་གནས་འདིར་གཡུང་དྲུང་བོན་བསྟན་གྱི། །གསང་སྔགས་ཟབ་མོ་སྒོམ་པའི་སྒྲུབ་སྡེ་ནི། །གྲངས་མེད་འཕེལ་བའི་གདུལ་བྱ་འགྱུར་བར་ཤོག །བདུད་ཀྱི་རྒུད་ཚོགས་མ་ལུས་ཀུན་ཞི་ཤིང་། །བསྟན་འགྲོའི་ཕན་བདེ་ཉི་མ་མངོན་ཤར་ནས། །མཐར་ཐུག་འགྲོ་རྣམས་མངོན་སངས་རྒྱས་པར་ཤོག ། 

  ཅེས་རྒྱ་ནག་རི་བོ་རྩེ་ལྔའི་དཀར་ཆག་འདིའང་གཡུང་དྲུང་གི་བརྡ་ལས་ཕབས་ཏེ་རྒྱ་ཡུལ་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་གཤེན་གྱི་འབྱུང་ལྡན་༣༠༡གི་ནང་ཚན་ཉག་མ་༣༠བའི་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ཟླ་བ་བཞི་བའི་ཚེས་ལྔ་ཉིན་རིག་འཛིན་མཁའ་འགྲོའི་གསང་མཚན་གསང་བདག་མུ་ལ་རང་གྲོལ་རྩལ་གྱིས་བཅོས་མིན་དུ་ཕབས་པ་ཐོག་མའི་ཡི་གེ་བ་ནི་རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་གྱིས་བགྱིས་པའོ། ། དགེའོ། ། བཀྲ་ཤིས་ཤོག ། 

  • 顶 0