སྡོད་ཁང་དམངས་སྲོལ།

2022-04-24
0

༡.སྡོད་ཁང་བྱུང་འཕེལ།

འགྲོ་བ་མིའི་སྡོད་ཁང་བཟོ་སྐྲུན་གྱི་བཀོད་པ་དང་། འགྲོ་ཀུན་གྱི་མ་རྩ། རྒྱུ་ཆ་ཡི་ལེགས་ཞན། བཟོ་སྐྲུན་གྱི་ཆོ་གའི་རིམ་པ་བཅས་ནི་མི་རིགས་རེ་རེ་དང་། ཡུལ་གྲུ་རེ་རེའི་རིན་ཐང་ལྟ་བ་དང་ཡུལ་སྲོལ་གོམས་གཤིས། མཛེས་དཔྱོད་ཀྱི་ལྟ་བ། ཆོས་ལུགས་དད་མོས་སོགས་འདྲ་མིན་གྱི་དབང་གིས་ཐམས་ཅད་གཅིག་ལ་གཅིག་མཚུངས་ཤིག་ཡིན་མི་སྲིད། ཡིན་ནའང་ཐོག་མའི་བྱུང་བ་དང་བར་གྱི་འཕེལ་རྒྱས། མཐའ་མའི་བརྒྱུད་སྤེལ་གྱི་རིམ་པ་དེ་དག་ཕལ་ཆེར་ཀུན་ལ་བརྒྱུད་ཡོད་པས་གཤམ་དུ་སྤྱིའི་ཆ་ནས་ཐོག་མའི་བྱུང་འཕེལ་སྐོར་ཕྲན་ཙམ་བརྗོད་པ་བྱ་རྒྱུ་ཡིན།

དེ་ཡང་བོད་ཀྱི་སྡོད་ཁང་ནི་ལོ་རྒྱུས་དང་ཆོས་ལུགས། ས་དཔྱད། སྐར་རྩིས།དམངས་སྲོལ། སྒྱུ་རྩལ་སོགས་རིག་གནས་སྣ་ཚོགས་ཀྱིས་བསྐྱེད་པའི་སྣ་འཛོམས་ཀྱི་རིག་གནས་ཀྱི་ཕུང་བོ་ཞིག་ཡིན་པ་རེད། དེ་བཞིན་ཐོག་མའི་བྱུང་བ་གླེང་བ་ལ་འཛམ་གླིང་ཧྲིལ་པོ་ནས་བཤད་ན་བཞེད་པ་མི་མཐུན་པ་མང་དུ་ཡོད་ཀྱང་། མདོར་དྲིལ་ན། གཙོ་བོ་རིགས་གསུམ་དུ་འདུ་སྟེ། རིགས་དང་པོའི་བཞེད་ཚུལ་ནི་འགྲོ་བ་མིའི་མེ་རྙེད་ཅིང་དེའི་རིན་ཐང་ལ་ཤེས་རྟོགས་བྱུང་བར་བརྟེན་མེ་སོན་གསོ་བའི་ཁང་པ་བཟོ་བའི་རིག་པ་རྙེད་ལ། དེ་དང་མཉམ་དུ་རང་ཉིད་ཀྱི་སྡོད་ཁང་ཡང་བཟོ་ཤེས་པ་རེད་ཟེར། མེ་རྙེད་པ་དེས་འགྲོ་བ་མིའི་དཔལ་ཡོན་གྱི་དུས་རིམ་དུ་ཐོད་བརྒལ་བྱུང་བར་ཕན་འབྲས་ཆེན་པོ་ཞིག་ཐོན་ཡོད་པ་ནི་ཤིན་ཏུ་བདེན་ཡང་མེ་ཁང་བཟོ་བའི་རིག་པར་བརྟེན་ནས་སྡོད་ཁང་བཟོ་སྐྲུན་བྱས་པ་རེད་ཟེར་ན། འགྲོ་བ་མིའི་ལོ་རྒྱུས་ཀྱི་བརྒྱུད་རིམ་མང་པོ་ཞིག་སྐོང་སོང་བ་འདྲ་སྟེ། དོན་དངོས་སུ་མེའི་བྱུང་འཕེལ་དེས་མིའི་རིགས་འདུས་སྡོད་ཀྱི་སྐབས་ཕྱེ་སྟེ་ཚོགས་སྤྱིའི་འཚོ་བ་རོལ་འགོ་བརྩམས། དེ་ནས་ཚོགས་པ་རུ་བྱ་བྱེད་མི་གཅིག་པ་དང་། བསམ་གཞིག་བྱེད་སྟངས་མི་གཅིག་པ། བྱ་དངོས་ལ་འདུ་ཤེས་འཛིན་སྟངས་མི་གཅིག་པ་སོགས་ཀྱིས་ཕན་ཚུན་ལ་གཞོགས་འདེགས་དང་འགལ་འབྲེལ་གྱི་བྱ་རིམ་སྣ་ཚོགས་བརྒྱུད་པར་བརྟེན། བློ་གྲོས་གསར་བ་གཅིག་མཇུག་གཉིས་མཐུད་དུ་རྒྱས་ལ་རང་ཉིད་ཀྱི་སྡོད་ཁང་བཟོ་སྐྲུན་གྱི་རིག་པའང་སྐབས་དེ་དག་ནས་རྙེད་པ་རེད་ཟེར་ན་ལོ་རྒྱུས་འཕེལ་བའི་འགྲོས་དང་མཐུན་པར་སྙམ།

རིགས་གཉིས་པའི་བཞེད་དགོངས་ནི་ལྷ་མི་གཉིས་ཀྱི་འབྲེལ་ཟམ་དུ་ཐོག་མར་བྱུང་བ་རེད་ཟེར་བ་ལ་བལྟས་ན། མིའི་རིགས་ལ་རིག་པ་ངེས་ཅན་ཞིག་དང་སྡོད་ཁང་ཅུང་དྲོན་པོ་ཞིག་ཡོད་པའི་དུས་སྐབས་སུ་ལྷ་མི་གཉིས་ལ་འབྲེལ་བ་བྱུང་ཞིང་འབྲེལ་བའི་ཟམ་པ་ལྟ་བུ་ནི་སྡོད་ཁང་རེད་ཟེར་ན་མི་ཆོག་པ་མེད་ཀྱང་། དེ་ཐོག་མའི་བྱུང་བ་ལ་ཁུངས་བཅོལ་ན་མི་དང་ལྷ་གཉིས་ཀྱི་བར་དུ་འབྲེལ་བ་བྱུང་བའི་ལོ་རྒྱུས་ཀྱི་སྔ་ཕྱི་བར་གསུམ་ལ་བསམ་གཞིགས་ཞིབ་མོ་ཞིག་བྱ་དགོས་པར་སྙམ།

རིགས་གསུམ་པའི་བཞེད་པ་ནི་སྲོག་ཆགས་གཞན་ལ་ལད་ཟློས་བྱས་ཏེ་བྱུང་བ་རེད་ཟེར་ཞིང་། བཞེད་པ་འདི་ནི་སྤྱི་ཚོགས་འཚོ་བའི་ཟུར་ཕྲ་མོ་ཞིག་གམ་ཡང་ན་མཐོང་ཆོས་རེ་གཉིས་ལ་རིགས་འདེད་དང་བཙན་སྦྱོར་བྱས་ཏེ་བཤད་པ་ཞིག་སྟེ། དཔེར་ན། ང་ཚོས་འབུ་སྡོམ་ལས་རས་ཀྱི་ཐགས་འཐག་ཚུལ་དང་ལྷན་པ་རྒྱག་ཚུལ་ཤེས་ཤིང་། བྱ་ཁ་ལ་ཡུག་ལས་ཁང་བ་ལས་ཚུལ་ཤེས། གླུ་ལེན་པའི་འདབ་ཆགས་བྱ་རིགས་ལས་ང་ཚོས་གླུ་ལེན་ཤེས་པ་རེད་ཟེར་ཚུལ་གྱི་ལྟ་བ་ལ་བསྟུན་ཅི་ཐུབ་བྱས་ཡོད། དེས་ན་ད་ལྟའི་འཛམ་གླིང་གི་མཁས་དབང་ཀུན་གྱིས་ངལ་རྩོལ་གྱིས་མི་རང་ཉིད་བསྐྱེད་པ་དང་། མིའི་རིགས་ཀྱིས་སྤྱི་ཚོགས་གསར་གཏོད་བྱས་ཟེར་བ་དང་། གླུ་ཡི་བྱུང་བ་བརྗོད་པའི་སྐབས་སུ་དེ་ཡང་སེམས་གཡོས་པ་ལས་ངག་གྲུབ་པ་དང་། ངག་གི་བརྡ་ཇི་བཞིན་དུ་མ་འཕྲོད་པས་སྨྲ་ངག་ཐོན་ཞིང་། སྨྲེ་ངག་གིས་བརྡ་མ་འཕྲོད་པས་གླུ་བྱུང་ཞེས་པ་སོགས་ལ་ལན་ཅི་གདབ། དེས་ན་སྡོད་ཁང་བཟོ་སྐྲུན་གྱི་ལས་ནི་མིའི་རིགས་རང་བྱུང་ཁམས་དང་ཡུན་རིང་འབྲེལ་འདྲིས་བྱས་ཏེ་ཆགས་འཇིག་དང་གནོད་འཚེ་སོགས་ལས་ཚུར་སྣང་བྱས་པའི་འདུ་ཤེས་གསར་བ་ཞིག་བྱུང་བ་ན་ཆེད་དུའང་རང་འགུལ་གྱི་གསར་གཏོད་བྱས་པ་ལས་གཞན་སྐུལ་གྱི་བྱ་བྱེད་དང་ཐོན་དངོས་ཁོ་ན་ཞིག་ཡིན་མི་སྲིད། སྡོད་ཁང་ནི་རིག་གནས་ཀྱི་ཐོན་དངོས་ཤིག་ཡིན་པས་འགྲོ་བ་མིའི་སྡོད་ཁང་དང་སྲོག་ཆགས་གཞན་དང་གཞན་གྱི་ཚང་དང་ཁུང་བུ་གཉིས་ལ་ངོ་བོའི་ཁྱད་པར་ཡོད། དེས་མིའི་རིགས་རང་ཉིད་ཀྱི་ལུས་གཟུགས་འགེབས་སྲུང་དང་གྲང་འགོག་ཚ་གཡོལ་གྱི་བརྟེན་པའི་གཞི་ཡིན་དགོས་པར་མ་ཟད། ད་དུང་འགྲོ་བ་མིའི་བསམ་པའི་འདོད་མོས་ཀྱང་སྐོང་ཐུབ་པ་ཞིག་ཡིན་དགོས་སོ།།

དེ་བཞིན་བོད་ཀྱི་སྡོད་ཁང་རིག་གནས་ལའང་ལོ་རྒྱུས་ཧ་ཅང་རིང་པོ་ཞིག་ཡོད་དེ། སྔོན་གྱི་ལོ་བཞི་སྟོང་ལྷག་གི་གོང་ཚུན་ནས་བོད་དུ་སྡོད་ཁང་ཡོད་པ་ནི་ཆབ་མདོའི་ཁ་རུབ་གནའ་ཤུལ་ལས་འཚོལ་རྙེད་བྱུང་བའི་གནའ་རྫས་རྒྱུ་ཆ་དག་ལ་བརྟགས་ན་གནའ་བོའི་སྡོད་ཁང་ནི་ས་ཁུང་ངམ་གད་ཕུག་དང་། རྡོ་རྩིག་གི་ཁང་པ་སོགས་ཡིན་པ་ར་སྤྲོད་བྱུང་ལ། དེ་ནི་བོད་རིགས་མི་དམངས་ཀྱིས་ཆེད་དུ་བསྐྲུན་པའི་ཐོག་མའི་སྡོད་ཁང་གི་རིགས་སུ་བཞག་ཆོག། ཕྱིས་སུ་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་སྣ་ཚོགས་ལ་རྐྱེན་བྱས་ཏེ་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ཙམ་ལ་ནང་དགྲ་ཟོན་དང་། དམག་འཐབ་ཀྱི་བཀོད་འདོམས།ཕར་རྒོལ་དང་རང་སྲུང་། དགུན་དུས་དྲོ་ལ་དབྱར་དུས་བསིལ་བའི་ཁྱད་ཆོས་དང་སྒྱུ་རྩལ་གྱིས་ཕྱུག་པའི་མཁར་རྫོང་བཙན་པོ་ཡུམ་བུ་བླ་སྒང་སོགས་བཞེངས་སྐྲུན་བྱས་པ་ནི་བོད་ཀྱི་སྡོད་ཁང་གི་བཟོ་སྐྲུན་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བའི་དན་རྟགས་སུ་མངོན་ནོ།།

དེ་ནས་རིམ་གྱིས་འཕྱིང་བ་རྩེ་དྲུག་སོགས་བཞེངས་པར་མ་ཟད་བོད་ཀྱི་མཛངས་བློན་ལྔ་པ་ཁྲི་བཟང་ཡང་སྟོན་གྱིས་རི་ཁྱིམ་ཀླུང་དུ་སྤོས། ཀླུང་ལ་ཆགས་སུ་བཅུག་པར་སྐུལ་བ་སོགས་ནི་བོད་ཀྱི་སྡོད་ཁང་དང་སྡོད་གནས་ལ་གསར་བརྗེ་དང་བཅོས་སྒྱུར་ཆེན་མོ་ཐེངས་གཅིག་བྱས་པ་རེད། འཕེལ་རྒྱས་དེ་དག་ལ་བརྟེན་ནས་ས་གནས་ཁག་གི་མང་ཚོགས་ཀྱིས་ཡུལ་བབ་དང་། ཡུལ་གྱི་རྒྱུ་ཆའི་ཐོན་ཁུངས། ཐོན་སྐྱེད་ལས་རིགས་ཀྱི་ཁྱད་པར་ལྟར་བཟོ་དབྱིབས་དང་། ཁྱད་ཆོས་འདྲ་མིན་སྣ་ཚོགས་ཀྱི་སྡོད་ཁང་བཟོ་སྐྲུན་བྱས་པ་རེད། དེ་ཡང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལྟར་ན། སྡོད་ཁང་ལ་འཕེལ་རིམ་གྱི་དུས་ལྟར་ཕྱེ་ན་རང་བྱུང་གི་སྡོད་ཁང་སྤྱོད་པའི་དུས་རིམ(སྡོང་བོའི་ཡལ་གའི་གསེབ་དང་རང་བྱུང་གི་སྤྱིལ་བུ། རང་བྱུང་གི་གད་ཁུང་། རང་བྱུང་གི་བྲག་ཕུག་སོགས་སྟེས་དབང་གིས་ཐོབ་ཅིང་སྤྱོད་པའི་དུས་རིམ་སྟེ་གདོད་མའི་རྡོ་ཆས་རྙིང་མའི་དུས་རབས)དང་མིས་བཟོས་སྡོད་ཁང་བེད་སྤྱོད་བྱེད་པའི་དུས་རིམ(མིས་བཟོས་པའི་སྟབས་བདེའི་སྤྱིལ་བུ་དང་ས་ཁུང་། བྲག་ཕུག །རྡོ་ཁང་སོགས་དང་དེ་ནས་འཕེལ་རྒྱས་ཀྱི་རྩེ་མོར་སོན་པའི་དུས་རབས་ཏེ་རྡོ་ཆས་གསར་མའི་དུས་རབས་ནས་ད་རག་བར)གཉིས་ཡོད་ལ། བོད་ཀྱི་ཐོན་སྐྱེད་ལས་སྒོ་ལྟར་ནའང་ཞིང་ལས་ས་ཁུལ་གྱི་གཏན་འཁེལ་རང་བཞིན་གྱི་སྡོད་ཁང་དང་། འབྲོག་ལས་ས་ཁུལ་གྱི་སྤོ་བསྐྱས་རང་བཞིན་གྱི་སྡོད་ཁང་གཉིས་ཡོད། གཏན་འཁེལ་གྱི་སྡོད་ཁང་ནི་འདམ་བག་དང་ཤིང་སྡོང་། རྡོ་ཆས་སོགས་རང་བྱུང་གི་རྒྱུ་ཆས་ས་ཐང་སྙོམས་ས་དང་རི་ཁུག་དྲོ་ས། རྩྭ་ཆུ་མོད་ས། ཐོག་ལྕགས་བཙན་ས། རི་ཆུ་གཙང་མ་སོགས་ན་བརྩིགས་ཡོད་པའི་གཏན་སྡོད་ཀྱི་ཁང་པ་ལ་ཟེར་ཞིང་། སྤོ་བསྐྱས་རང་བཞིན་ཅན་གྱི་སྡོད་ཁང་སྟེ་སྦྲ་གུར་ནི་གནག་ཕྱུགས་ཀྱི་རྩིད་པ་ལས་བཏགས་པའི་གུར་ལ་ཟེར། དེ་ནི་བོད་རིགས་འབྲོག་པ་ཚོས་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་བཀོལ་སྤྱོད་བྱས་པའི་སྡོད་ཁང་ཞིག་ཡིན། བོད་ཡུལ་དུ་ཆེད་དུ་ས་རྡོ་ཤིང་གསུམ་གྱིས་བཟོས་པའི་ཁང་པ་མ་བྱུང་གོང་ནས་བོད་ཀྱི་སྤྱི་ཚོགས་སྟེང་སྤྱོད་རྒྱ་ཆེ་ཞིང་ལོ་རྒྱུས་རིང་བ་ནི་ཆེ་ཆུང་དང་བཟོ་དབྱིབས་སྣ་ཚོགས་ཡོད་པའི་པགས་གུར་དང་ཕྱིང་གུར། སྦྲ་གུར་བཅས་ཡིན་པར་ངེས།རས་གུར་ཡང་ད་ལྟ་བོད་ཡུལ་དུ་སྤྱོད་རྒྱ་ཤིན་ཏུ་ཆེ་མོད། དེའི་བྱུང་བ་ནི་ཤིན་ཏུ་འཕྱི།

དེ་ཡང་གུར་སྤྱིའི་ཁྱད་ཆོས་དང་འཕེལ་འགྱུར་ནི་འཛམ་གླིང་གི་གདོད་མའི་ཚོ་བ་དག་གི་གུར་གྱི་ཐོག་མའི་རྣམ་པ་ནི་རྩེ་འབིགས་ནས་རིམ་གྱིས་ཅུང་གུར་གུར་དང་། མགོ་ལེབ།དབྱིབས་ཀྱང་ཟུར་འབིགས་ནས། ཟླུམ་འབིགས་དང་། དེ་ནས་ཟླུམ་གུར་དང་གླིང་བཞི་ཅན་དུ་འགྱུར་བར་བཤད་ལ། ཐམས་ཅད་རང་བྱུང་གི་གནོད་འཚེ་འགོག་པ་དང་ཐད་ཀར་འབྲེལ་བ་ཡོད། ཕྱིས་སུ་དེ་ལ་འཕེལ་རྒྱས་བྱུང་སྟེ། མི་སྒེར་གྱི་ཐོབ་ཐང་སོགས་མཆོག་དམན་གྱི་བརྡ་རྟགས་དང་། རིག་གནས་ཀྱི་མཚོན་དོན་ཅན་དུ་གྱུར་པའང་ཡོད་པ་སྟེ། དཔེར་ན། རྒྱལ་དབང་ལྔ་བའི་གཟིམ་གུར་སྟག་ལྤགས་བརྒྱ་ཅན་དང་། གཞན་ད་དུང་སྲམ་གཟིག་གི་པགས་པ་དང་། རི་མོ་སྣ་ཚོགས་ཅན་ཡོད་པ་ལྟ་བུའོ། །མདོར་ན། སྡོད་ཁང་ནི་སྤྱི་ཚོགས་ཀྱི་འཚོ་བ་དང་བསམ་བློ་གཉིས་ཆའི་ཐོན་དངོས་ཤིག་རེད་ཅེས་བརྗོད་ཆོག་གོ།

༢.བཟོ་སྐྲུན་གྱི་ཆོ་གའི་རིམ་པ།

བོད་རིགས་ཀྱི་ཁང་པ་བཟོ་སྐྲུན་བྱེད་པའི་རྒྱུ་ཆ་གཙོ་བོ་ནི་ས་རྡོ་ཤིང་གསུམ་དང་རྩིག་པ་ནི་ས་ཕག་གི་རྩིག་པ་དང་གྱང་གི་རྩིག་པ། རྡོ་ཡི་རྩིག་པ་བཅས་སོ། །

བོད་མི་རྣམས་ཀྱིས་ཁང་པ་གསར་བཟོའི་རིམ་པ་ནི། ཐོག་མར་དགེ་སློང་ཞིག་གདན་དྲངས་ཏེ་སྔར་ནས་གྲ་སྒྲིག་ཡོད་པའི་ས་སྣ་ཁྱེར་ནས་ས་བརྟག་ཞུ་དགོས་ཤིང་།(བོད་ཡུལ་དུ་རབ་བྱུང་གི་སྡེ་དང་རྟེན་མ་ཚུགས་ཡར་སྔོན་ནས་མཁར་བརྩིགས་ཁང་དབུབ་ཀྱི་ལས་དར་ཞིང་ས་ཆུར་བརྟགས་པའི་རིག་པ་ཡོད་དེ། ཁ་དཔེར་རྒྱབ་རི་བྲག་དང་མདུན་རི་མཚོ་ཞེས་བརྗོད་པ་ནི་དོན་མང་པོ་ཞིག་ལ་འཇུག་ཀྱང་ཁང་ས་བརྟག་པའི་ས་དཔྱད་རིག་པའི་དོན་ཞིག་ཀྱང་སྟོན་ནོ།།)དེ་ནས་སྟ་གོན་གྱི་ཆ་ཐམས་ཅད་གྲུབ་པ་ན་གེགས་སྐྱོན་སེལ་བའི་རིམ་གྲོ་ཆབ་གཏོར་ཀླུ་གཏོར་གཏོང་བ་དང་། 《ཆོས་ཚན་ཁང་བུ་བརྩིགས་པའི་མདོ》དང《ཉེས་པ་ཀུན་སེལ》《གནམ་ས་སྣང་བརྒྱད》སོགས་འདོན་ལ། དེའི་མུར་ས་དཔྱད་ཀྱི་གཞུང་ལུགས་མང་པོའི་དགོངས་གཞི་ལྟར་ཁང་སའི་ལེགས་ཉེས་བླང་དོར་གསལ་བའི་ལས་སྒོར་འཇུག་དགོས།

དེ་ཡང་ཁང་ས་བརྟག་ཚུལ་གྱི་གདམས་པ་མཚོན་ཙམ་ཞིག་གིས་ལས་སྒོ་ངོ་ཅུང་ཙམ་སྤྲད་ན། ནམ་མཁའ་ཟླུམ་པོ་ཕྱོགས་མཚམས་རྣམས།། འཁོར་ལོ་རྩིབས་ལྟར་དཔྱད་པ་གཅེས།། ཤར་ཕྱེ་ལྷོ་སྤུངས་ནུབ་འདན་པ།། བྱང་ཕྱོགས་རྩེ་འཛིན་སྦྱོར་བ་ནི།། ས་ཡི་ཀ་བཞི་ཞེས་བྱ་བ།། ཤར་གྱི་ལམ་བྲག་སྟག་སྐྱ་བོ།། ལྷོ་ཆུ་གཡུ་འབྲུག་སྔོན་མོ་ཡིན།། རྒྱབ་རི་རྩེ་འཛིན་རི་རྒྱུད་བཟང་།། གཡས་གཡོན་ཆུ་གཉིས་མདུན་དུ་འདུས།། མདུན་དུ་ཆུ་ཤིང་ལམ་གསུམ་འཛོམས།། འདི་བཞི་རྒྱབ་ཀྱི་གཏད་ས་ཡིན།།ཞེས་དང་། ཤར་ལྷོའི་ལམ་གཉིས་ཡུར་བས་བཅད།། བྱང་ལམ་ལྷོ་རུ་འཐེན་པ་དག། མི་རྒྱུད་ཆད་ལ་ཁ་ཉེས་འོང་།། ནུབ་ཕྱེས་ཤར་མདུན་མཐོང་བ་ན།། མི་ཟོག་ན་ཚ་རྒོད་པས་ངན།། འོག་ཏུ་ཆུ་མིག་བརྡོལ་བ་དང་།། གཡས་གཡོན་ཐད་ཀྱི་ལུང་སྟོང་དང་།། ཤར་ལྷོའི་ཆུ་ལམ་ཆད་པ་དང་།། བྱང་ཆུ་རེས་འབབ་རེས་སྐམ་དང་།། མདུན་གྱི་ས་ཕུག་གྲོག་རལ་དང་།། ཤར་མདུན་གྲམ་ཐང་སྐྱ་མོ་རྣམས།། རང་རྒུད་དབུལ་ཕོངས་ཡོང་བའི་ས།། ནུབ་བྱང་ལམ་སྣེ་ཟུག་པ་དང་།། ཤར་ལྷོའི་རི་བྲག་ཐུར་ཟུག་དང་།། ཕྱོགས་མཚམས་རྣམས་སུ་ཁ་འདྲ་བ།། ཁ་སྨས་མཚོན་ངོ་འོང་བའི་ལ།། ནུབ་བྱང་ཆུ་མིག་གཉན་པོ་དང་།། བྲག་དང་ས་ཡི་ཕུག་པ་དང་།། ལྷ་འདྲེ་དྲག་པོའི་གནས་པའི་ལ།། དེར་བཏབ་མི་རུང་འཕྲལ་དུ་འཕུང་།། དེ་རྣམས་ཀུན་ལ་འཛེམས་པར་བྱ།། ཞེས་ལེགས་ཉེས་བླང་དོར་གྱི་ཆ་རྣམས་སོ་སོར་བཀར་འདུག་པ་ལྟར་ནོར་འཛོལ་མེད་པར་ཁང་ས་ལེགས་པོ་ཞིག་བདམས་པ་ན་མཁར་བརྩིགས་ཁང་དབུབ་ཀྱི་ཆོ་ག་རིམ་པ་དང་པོ་རྫོགས་པ་ཡིན།

ཆོ་གའི་རིམ་པ་གཉིས་པ་ནི། ས་སློང་བའི་ཆོ་ག་སྟེ། ཆོ་ག་མཁན་གྱི་དགེ་སློང་གིས་ས་བདག་ལྟོ་འཕྱེའི་ཐིག་འདེབས་པ་ཞེས་རྫས་དངོས་གཏེར་གསུམ་ཚགས་སུ་ཆུད་པར་བྱས་མུས་སུ། ཀོ་ལོ་སྡོམ་པའི་ལྷ་དགུ་སོགས།། འབྱུང་བའི་ཚོགས་རྣམས་མ་ལུས་ཀུན།། ས་གླུད་མཆོད་གཏོར་འདི་བཞེས་ན།། ས་ཕྱོགས་འདི་དག་བདག་ལ་ཞུ།། འབྱུང་བོ་ནང་གི་བདག་པོ་རྣམས།། གཞན་རྟེན་གཞན་དུ་ཁྱེད་སོང་ལ།། ས་འདི་བཀྲ་ཤིས་མཛད་དུ་གསོལ།། ཞེས་པ་ལྟ་བུ་ས་སློང་གི་འདོན་པ་མང་པོ་དང་། བསང་གཏོང་སྐྱེམས་མཆོད་སོགས་བྱས་པ་ན།ས་དེར་བདག་དབང་གནང་བཞིན་པའི་ལྷ་ཀླུ་གནོད་སྦྱིན་མང་པོས་ཀྱང་འདོད་ཡོན་མཆོད་སྦྱིན་གྱི་ཡོན་དུ་གནང་ཟིན་པའི་སེམས་པ་དང་བཅས་རིམ་པ་གཉིས་པ་མཇུག་རྫོགས་སོ།།

ཆོ་གའི་རིམ་པ་གསུམ་པ་ནི། ལས་ཀའི་དངོས་གཞི་ལ་འཇུག་པ་སྟེ། བོད་ལུགས་སྐར་རྩིས་གཞུང་གི་རྒྱུ་སྐར་ཉེར་བརྒྱད་ཀྱི་རྒྱུ་ཕྱོགས་ལྟར། མགྲོན་སྐར་བཞི་ལ་མགྲོན་ལ་འགྲོ།། ཟློས་སྐར་བཞི་ལ་ལམ་ལ་འཇུག། གཡང་སྐར་བཞི་ལ་ནོར་མི་འཇལ།། འགྲུབ་སྐར་བཞི་ལ་གང་བྱས་འགྲུབ།།ཞེས་པའི་གཞུང་ལུགས་ལྟར་རྒྱུ་སྐར་ཉེར་བརྒྱད་གྲས་ཀྱི་རྒྱལ་དང་ས། རི། ཆུ་སྨད། མོན་གྲུ་སོགས་འགྲུབ་སྐར་གང་རུང་འཁེལ་ཉིན་དེར་ལས་མགོ་རྩོམ་དགོས། སྐབས་དེར་རྒྱུ་སྐར་ཉེར་བརྒྱད་ཀྱི་རྒྱུ་ཕྱོགས་ལ་དེ་འདྲའི་གཙིགས་ཆེན་པོ་བྱེད་དོན་ནི། ས་བདག་ལྟོ་འཕྱེ་ཡི་ལུས་གཟུགས་གཟའ་སྐར་གྱི་རྒྱུ་ཕྱོགས་སམ་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་བསྐྱངས་བསྐུམ་དང་ཡང་ན་གཡས་འཁོར་གཡོན་གཏད་བྱེད་བཞིན་

ཡོད། དེ་བས་ཐོག་མར་ས་རྐོ་བྱེད་དུས་ས་བདག་ལྟོ་འཕྱེའི་དབུ་དང་ཕྱག་ཞབས་ལ་འཁེལ་བར་ཧ་ཅང་འཛེམས་ལ། དེ་ཡང་མཆན་ཁུང་ལ་འཁེལ་བ་མཆོག་དང་ལྟོ་བར་འཁེལ་བ་འབྲིང་གི་བཤད་ཚུལ་དང་གཞི་འདྲེས་ཡོད། དེ་ལྟར་མ་བྱས་ཚེ་ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་གནོད་པ་ཆེན་པོ་ཐེབས་པར་སེམས་ཀྱི་ཡོད་དོ།།

དེ་བཞིན་གཟའ་སྐར་དགེ་བའི་ཉིན་ཐག་བཅད་རྗེས་ས་དང་པོ་རྐོ་མཁན་ལ་སྡོད་ཁང་རིག་གནས་སོགས་ཀྱི་ནང་དོན་ལྟར་གྱི་ལོ་རེས་བཟང་བ་རྟ་ལུག་ལྟ་བུ་དང་། ཕ་མ་གཉིས་འཛོམས། དབང་བོ་སྐྱོན་མེད། མིང་པྲ་ལེགས་པའི་ཕོ་མོ་ཟུང་གིས་གཟབ་མཆོར་སྤྲས་ཐོག་རྩིས་གཞུང་ལས། འཇོར་ལ་རིན་ཆེན་གསེར་བྱུག་ཅིང་།། ཁེམ་ལ་དངུལ་གྱིས་བྱུག་བྱས་ལ།། ཞེས་པ་ལྟར་ཐོག་མར་སྐྱེས་པ་དེ་ཁ་བཏགས་སེར་པོ་མདུད་ཡོད་པའི་འཇོར་གྱིས་ཤར་ལྷོ་ནུབ་བྱང་གི་ཕྱོགས་སུ་ཐེངས་གསུམ་རེ་སློག་པ་དང་ཐེངས་བདུན་ཟེར་བའང་ཡོད་བུད་མེད་དེས་ཀྱང་ཁ་བཏགས་དཀར་པོ་མདུད་ཡོད་པའི་ཁེམ་གྱིས་སྐྱེས་པས་སློག་ཟིན་པའི་ས་ཡས་འདེད་མས་འདེད་ཐེངས་གསུམ་རེ་བྱས་པ་ན། ལས་ཀ་པ་རྣམས་ཀྱིས་རང་རང་གི་ནུས་པ་དང་ཁྱད་ཆོས་ལྟར་ལས་གཞས་ཀྱི་དབྱངས་དང་འགྲོགས་ཏེ་ལས་ཀ་དངོས་ཀྱི་མགོ་རྩོམ།

བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐབས་སུའང་ཐོག་མར་བཙན་པོས་གསེར་འཇོར་གྱིས་ཐེངས་གསུམ་སློག་པའི་ལོ་རྒྱུས་ཡོད་པར་གཞིགས་ན་མཛད་སྒོ་འདི་ནི་གནའ་ནས་བཟུང་བོད་ཀྱི་སྡོད་ཁང་ཆེ་མ་ཆུང་གསུམ་ལ་སྤེལ་བའི་གོམས་སྲོལ་ཅིག་རེད།

ཆོ་གའི་རིམ་པ་བཞི་བ་ནི་ཁང་པ་གྲུབ་རྗེས་ཀྱི་ཁང་སྟོན་ཏེ། ཁྱིམ་དེ་ནས་དུ་བ་ཐོན་དུ་འཇུག་ཐུབ་མིན་ནི་ཁ་གསོ་ཐུབ་མིན་གྱི་རྟགས་མཚན་ཞིག་ཏུ་བརྩིས་པ་ལྟར་ཐོག་མར་ཁང་བ་གསར་བའི་ནང་དུ་དངོས་རྫས་གཞན་དག་ཅི་ཡང་མ་བསྣུར་བའི་སྔ་ལོག་ཏུ་ཉི་བཟང་སྐར་བཟང་ཞིག་ལ་ཆེད་དུ་ལྕི་བ་སྐམ་པོ་སླེ་བོ་གང་དང་ཆུ་གཙང་ཟོ་བ་གང་བཅས་ལ་ཁ་བཏགས་དཀྲིས་ཏེ་ཁང་པ་གསར་བའི་མ་ཁང་དུ་འཇོག་པ་མ་ཟད་སྒོ་དང་དྲ་མ་སོགས་ལའང་ཁ་བཏགས་སྒྲོན་ཏེ་ཉིན་གཉིས་པར་དངོས་སུ་སྤོ། དེ་ནས་ཁྱིམ་ཟོང་ཐམས་ཅད་གསར་སྒྲིག་དང་སྤོ་བསྣུར་ཡོངས་སུ་གྲུབ་རྗེས་ཡང་བསྐྱར་ཆེད་དུ་ཉི་བཟང་སྐར་བཟང་ཞིག་བདམས་ཏེ། གཉེན་ཉེ་སྤུན་གྲོགས་རྣམས་མགྲོན་དུ་འབོད། དེ་ལ་ཁང་སྟོན་ཞེས་བྱ། ཁང་སྟོན་གྱི་ནངས་མོ་དེར་ཁྱིམ་ཚང་གིས་ཁང་བའི་ནུབ་བྱང་གི་ཟུར་དང་ཤར་བྱང་གི་ཟུར་ལ་དར་ཚོན་སྣ་ལྔས་དར་ལྕོག་བཙུགས་ཏེ་ལྷ་གསོལ་བསང་གཏོང་རྒྱ་ཆེན་པོ་ཞིག་བྱེད། བོས་པའི་མགྲོན་པོ་རྣམས་ཀྱིས་ཀྱང་གཙོ་བོ་གཞི་གསར་བའི་རྟེན་འབྲེལ་ལ་གདན་དཀར་དང་། དཀར་ཡོལ་སོགས་སྣོད་ཅ་ལག་དང་འབྲུ་རིགས་སྣ་ལྔ་དང་། མར་ལོ། ཀ་ར་གང་རུང་གིས་བཀང་བ་རྣམས་ཁྱེར་ཏེ་མགྲོན་ལ་ཕེབས། སྟོན་ཐོག་ཏུ་ཁང་བཤད་དང་གླུ་ལེན་གར་རྩེ་སྣ་ཚོགས་ཀྱིས་ཟང་ཟིང་རོལ་བའི་སྲོལ་རྒྱ་ཆེ་ཆུང་གང་རུང་ཡོད། དེ་ནས་བཟུང་སྡོད་ཁང་བཟོ་སྐྲུན་གྱི་ཆོ་གའི་རིམ་པ་ཡོངས་སུ་རྫོགས་ཤིང་འདི་ནི་གཙོ་བོ་མི་ཁྱིམ་ཕལ་བའི་སྡོད་ཁང་ལ་གཞིར་བཅས་ནས་བཤད་པ་ཡིན་ནོ།།

( གཅན་ཚ་བཀྲ་བྷོས་བརྩམས་པའི《དམངས་སྲོལ་རིག་པའི་སྤྱི་དོན》ལས་དྲངས་ཤིང་ཀུན་དགས་པར་བླངས།)


  • 顶 0