རྩེ་པོ་ཏ་ལ་བྱང་ངོས་ཀྱི་རྫོང་རྒྱབ་ཀླུ་ཁང་།

2014-12-30

    

  

  རྫོང་རྒྱབ་ཀླུ་ཁང་གི་མཛེས་ལྗོངས། 

   ཀླུ་ཁང་ནི་རྩེ་པོ་ཏ་ལའི་བྱང་ངོས་སུ་གནས་ཤིང་སྔ་ས་ནས་དེ་ནི་ལྷ་སའི་མཛེས་ལྗོངས་ཀྱི་གྲས་ཤིག་ཡིན། དེ་ཡང་སྤྱི་ལོ༡༦༤༥ཤིང་བྱ་ལོར་སྡེ་སྲིད་བསོད་ནམས་རབ་བརྟན་གྱིས་རྩེ་ཕོ་བྲང་དཀར་པོ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་བཅས་སྔ་རྟིང་གིས་བཞེངས་སྐབས་རྫོང་རྒྱབ་འདི་ནས་སའི་གཏེར་ཁ་འཛད་མེད་བླངས་པ་དེས་རིམ་གྱིས་རྒྱ་ཁྱོན་སྤྱི་ལི་གྲུ་བཞི་མ་ལྔ་ཙམ་ཟིན་པའི་མ་བཅོས་རང་བྱུང་གི་མཚེའུ་ཞིག་ཏུ་གྱུར། རྗེས་སུ་པོ་ཏ་ལ་བསྐྱར་བསྐྲུན་ཟིན་མཚམས་དེའི་རྒྱུ་ཆ་ལྷག་མ་རྣམས་ཀྱིས་རྫིང་བུའི་འཇིང་དུ་ཕོ་བྲང་ཟུར་བརྒྱད་ཅིག་བསྐྲུན་ནས་ཀླུ་མོ་མལ་གྲོ་གཟི་ཅན་གྱི་གནས་མཁར་དུ་ཕུལ་བར་གྲགས། སྤྱི་ལོ༡༧༠༠ཙམ་ལ་གོང་ས་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་བོད་ཡོངས་ལ་ཆར་ཆུ་དུས་འབེབས་ཆེད་ཀླུའི་ཕོ་བྲང་རྟེན་དང་བརྟེན་པར་གསར་བཞེངས་གནང་ནས་གོང་ས་མཆོག་ཀྱང་རྒྱུན་དུ་ཕེབས། ཀླུ་ཁང་གི་རྫིང་བུས་ཕོ་བྲང་བསིལ་ཞིང་། གཉེན་ལྕུག་རྒྱ་ལྕང་གི་གྲིབ་སོ་སྣུམ་པ། གཡུ་ལྟར་སྔོ་བའི་རྫིང་བུའི་ཀློང་དུ་རྔམས་ཤིང་བརྗིད་པའི་པོ་ཏ་ལ་ལྷམ་མེར་གསལ་བས་སྐྱེ་བོའི་བློ་ངོར་རྫིང་བུའི་ཀློང་དུ་པོ་ཏ་ལ་དེ་ཉིད་གནས་པ་དང་མཉམ་པའི་སྣང་བ་ཅིག་འཆར་བཞིན་གདའ། 

 མང་ཚོགས་རྣམས་རྫོང་རྒྱབ་ཀླུ་ཁང་དུ་མཆོད་རྟེན་ལ་སྐོར་བ་རྒྱག་པ། 

      དེ་རྗེས་སྤྱི་ལོ༡༧༩༡ལྕགས་ཕག་ལོར་གོང་ས་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོས་ཀླུའི་ཕོ་བྲང་ཐོག་བརྩེགས་ཅན་དེ་གྲུ་བཞི་སྒོ་བཞི་མདའ་ཡབ་དང་ཧོར་ཕིབས་ཏོག་ལྡན་བཅས་པ་གསར་བཞེངས་གནང་ནས་དབུ་རྩེར་གོང་སའི་གཟིམ་ཆུང་དང་། དེ་འོག་གཙང་ཁང་ནང་ལྷ་གཅིག་ཀོང་ཇོའི་རྗེས་སུ་འབྲངས་པའི་ལྷ་ཆེན་གྲིབ་རྫོང་བཙན་པ་དང་། ཞི་བ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བའི་སྐུ་བརྙན་དང་། ཀླུའི་དཀྱིལ་འཁོར་གཏེར་རྫས། གཏེར་བུམ་སོགས་བཞུགས། སྤྱི་ལོ༡༨༠༡ལྕགས་བྱ་ལོར་གོང་ས་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་དང་པཎ་ཆེན་བསྟན་པའི་ཉི་མ་རྣམ་གཉིས་རྫོང་རྒྱབ་ཀླུའི་ཕོ་བྲང་དུ་ལྷན་ཕེབས་ཀྱིས་ཀླུའི་བུམ་པ་སྒྲུབ་ཆོག་གནང་ནས་ཆར་འབེབས་དང་། མཚོའི་ནང་ཀླུ་བུམ་འབུལ་གནང་གིས་ཤིང་གྲུར་བཞུགས་ནས་མཚོ་སྐོར་དང་། གླང་ཆེན་ཆིབས་པ་སོགས་སྤྲོ་འཆམ་དང་། སེ་འབྲས་ཀྱི་མཚན་ཉིད་པ་ཚོས་ཀྱང་གཞུང་ཆེན་མོའི་འགྲོ་གླེང་གི་བཤད་གྲྭ་བཙུགས་པ་དང་འབྲེལ་ལྷན་རྒྱས་གསོལ་སྟོན་གནང་མྱོང་བ་དང་། དེ་ནས་བཟུང་ལོ་ལྟར་ཆར་ཆུ་དུས་སུ་བབ་ཆེད་ཀླུའི་བུམ་པ་སྣ་ཚོགས་སྦ་ཆོག་བྱེད་པ་དང་། བོད་ཟླ༤པའི་ཚེས༡༥ཉིན་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་སངས་རྒྱས་པ་དང་། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཁག་འཁེལ་བས་དེ་ཉིན་ལྷ་སའི་མང་ཚོགས་ཀྱིས་སྔ་ཐོག་དགེ་བའི་ལས་ལ་བརྩོན་ཞིང་ཕྱི་དྲོ་མཚོ་རྫིང་དེའི་ནང་ཀོ་གྲུར་ཞུགས་ནས་གཞས་དང་ཞབས་བྲོ། རྣམ་ཐར་རོལ་ཆ་སོགས་བཏང་ནས་སྤྲོ་སྐྱིད་གཏོང་གི་ཡོད་པས་དམངས་ཁྲོད་གླུ་གཞས་ནང་དུའངལྷ་ས་ལྷ་ས་སྐྱིད་པ། དེ་ལས་ལྷ་ཀླུ་སྐྱིད་པ། ལྷ་ས་ལྷ་ཀླུའི་དབྲག་ལ། རྫོང་རྒྱབ་ཀླུ་ཁང་སྐྱིད་པཞེས་གཞས་ཚིག་གཏོང་བཞིན་ཡོད་པ་དོན་ལ་གནས། ཡིན་ནའང་ལོ་བཅུའི་ཟང་ཟིང་ནང་ཀླུ་ཁང་ལ་ཉམས་ཆག་བྱུང་བ་དང་། རྫིང་བུ་ལའང་བདག་གཅེས་མི་འདང་བས་སྔར་ལྟར་གནས་མེད་པ་མཐོང་ཆོས་ལགས། སླར་ཡང་དེང་དུས་མི་དམངས་སྲིད་གཞུང་གིས་འགྲོ་གྲོན་མང་པོ་བཏང་ནས་ཀླུ་ཁང་ལ་ཉམས་གསོ་དང་། ཁོར་ཡུག་ལྕགས་རི་གསིང་མ། ལྗོན་ཤིང་རིགས། མི་སྐྱོད་ལམ་བུ་སོགས་འཛུགས་སྐྲུན་གཞི་རྒྱ་ཆེ་རུ་བཏང་གནང་མཛད་པས་ད་ལྟ་ལྷ་སའི་འདུ་ལོང་གྲོང་ནང་གི་དབེན་ཞིང་ཉམས་དགའ་བའི་མཛེས་ལྗོངས་ཤིག་ཡིན། 

    

<