གཅན་ཚའི་ཁང་སྟོན།

2016-09-27
0
ཁང་སྟོན།

     དང་པོ་ཉིད་ནས་བོད་རང་ལ་སྟོན་མོ་མང་པོ་ཡོད་པ་བདེན་མོད། འོན་ཀྱང་དེ་དག་ནི་བོད་རང་གི་སྲོལ་རྒྱུན་དངོས་དང་བོད་མི་རང་གི་ལུགས་དང་མཐུན་པའི་སྟོན་མོ་ཤ་སྟག་ཡིན།གནའ་དང་པོ་བོད་མི་རང་གིས་ཁང་བ་གསར་བ་ཞིག་ལས་ཚར་རྗེས། གཟའ་སྐར་འཕྲོད་སྦྱོར་ཡག་པའི་ཉིན་ཞིག་འདེམས་ནས་ཉིན་དེར་སྣོད་ཅ་ལག་སོགས་ཁང་བ་གསར་བ་ནང་དུ་འཇོག་པ་དང་། དེ་རྗེས་ཡང་བསྐྱར་ཉིན་བཟང་སྐར་བཟང་ཞིག་འདེམས་ནས་ཁྱིམ་མི་དག་ཁང་བ་གསར་བའི་ནང་དུ་བསྣུར་བ་ཡིན།ཉིན་དེར་ཆ་རྐྱེན་ཡོད་ཚེ་རང་གི་ཤ་ཉེ་འབྲེལ་རྣམས་བོས་ནས་ཁང་བ་གསར་བའི་ནང་ནས་ཚར་ཇའམ་ཚས་ཇ་ལྡུད་པ་ཡིན། དེ་ནི་བོད་རང་གི་ཁང་སྟོན་ཡིན། ཡིན་ཡང་དེང་གི་ཆར་དེ་ལས་འདས་ཏེ་བོད་རང་ལ་ཁང་སྟོན་ཟེར་བའི་སྲོལ་རྒྱུན་གསར་བ་ཞིག་དར་ཡོད་པ་རེད། གཅན་ཚ་ས་ཁུལ་ལ་མཚོན་ན་དེ་དར་དུ་འཇུག་མཁན་ནི་གཅན་ཚ་ན་བྱ་བ་ལས་བཞིན་པའི་གཅན་ཚའི་བོད་རིགས་ལས་བྱེད་པ་དག་ཡིན། དེ་དག་གིས་དེང་གི་ཁང་སྟོན་གྱི་སྲོལ་ཀ་འདི་ས་གང་ཞིག་ནས་ཁྱེར་ཡོང་བ་ང་རང་ལ་བཤད་ཀྱི་མེད། རང་ཉིད་ཀྱིས་ལྟ་ཚུལ་ལ་འདི་ནི་དོན་དངོས་དང་མཐུན་པའི་ཁང་སྟོན་ཞིག་མིན་པ་འདྲ། དེ་ནི་ཐོག་མར་གཅན་ཚ་ལ་ཁང་སྟོན་འདི་དར་དུ་འཇུག་མཁན་པའམ་བྱེད་མཁན་པ་དེས་རང་གི་གཉེན་ཉེ་འབྲེལ་དང་དེ་ལས་སྤུན་ཟླ་དག་དང་། ད་དུང་ལས་གྲོགས་མང་པོ་ལ་སོགས་པས་རང་ལ་དངོས་རྫས་དང་ལེགས་སྐྱེས་སྒོར་མོ་འབུལ་དུ་འཇུག་ཆེད་ཁང་བ་ལ་ཁ་གཡར་ནས་སྟོན་མོ་ཞིག་བྱས་པ་འདྲ། དེ་ནས་བཟུང་གཅན་ཚ་ནས་ཚར་རྒྱུ་མེད་པའི་ཁང་སྟོན་ཞིག་གིས་འགོ་བརྩམས་པ་རེད།དོན་ངོ་མར་ཁང་སྟོན་བྱེད་པ་ནི་དེང་སང་གཙོ་བོ་ཁྱིམ་ཚང་དེས་ཡོང་སྒོ་བཙལ་སྤྱད་ཅིག་ཏུ་གྱུར་དང་འགྱུར་བཞིན་འདུག

    ཁང་སྟོན་བྱེད་མཁན་དཔོན་པོ་ཞིག་དང་རྒྱུ་ཅན་ངོ་ཅན་ཞིག་ཡིན་ཚེ།དེ་ཚང་གིས་ཁང་སྟོན་བྱེད་ཉིན་ཁང་སྟོན་བྱེད་སའི་ཟ་ཁང་དུ་མི་ཚོགས་ཀྱིས་ཁེངས་ནས་འདུག་ས་མི་རྙེད་པ་རེད། དེ་ལ་བལྟས་ན་ཡང་ཁང་སྟོན་ནི་ཡོང་སྒོ་དང་ལག་ཡོང་བཙལ་སྤྱད་འབའ་ཞིག་ཡིན་པ་མ་ཟད།ཁང་བདག་དཔོན་པོ་དང་།ངོ་ཅན་རྒྱུ་ཅན་དེ་དག་ལ་ངོ་འདྲི་བཅའ་བ་ཡིན་པའང་འདྲ། མི་ཚང་མས་ལད་ཟློས་བྱས་ནས་ལས་བྱེད་པ་ཞིག་ཡིན་ཚེ། ངེས་པར་དུ་ཐོག་ཁང་ཉོས་ནས་འགྲུབ་རྗེས་ཁང་སྟོན་ཞིག་བྱེད་དགོས་པ་ནི་དེང་སང་གི་སྲོལ་ཞིག་ཡིན་པར་ཆགས་འདུག

དོན་ངོ་མར་འདི་ནི་བོད་རང་གི་ལུགས་སྲོལ་བཟང་བོ་དང་མཐུན་པའི་ཁང་སྟོན་ཟེར་བ་དེ་ཡིན་ནམ།འདི་ལས་ཀྱང་ཕལ་ཆེར་བོད་མི་རང་གི་ཡུལ་སྲོལ་གོམས་འདྲིས་དང་རིང་དུ་བྲལ་བཞིན་པ་རྟོགས་ཐུབ།  

  • 顶 0