རྒྱལ་རོང་བོད་ཟས།

2018-09-06

 

   བསྒྲིལ་ཐུག༼རོང་བྲག་སྐད་དུ་བསྒྲིལ་བསྒྲིལ་པུ་ཏ་ཟེར༽རྒྱུ་ཆ།ཕག་ཤ།གྲོ་ཞིབ།སྐྱུར་པོ་རློན་པ།ཞོག་ཁོག ཙོང་།ཤིང་སྣུམ།ཚྭ་སོགས། 

  བཟོ་སྟངས།སྔོན་ལ་ཤིང་སྣུམ་ནང་ཕག་ཤ་བརྔོས་ཤིང་ཤ་ཚོས་རྗེས་ཞོག་ཁོག་གཏུབས་མ་དེ་ཤ་ཚོས་མ་དང་མཉམ་དུ་བརྔོས་པ་དང་།དེ་ནས་ཆུ་ངེས་ཅན་བླུགས་ཏེ་བཙོས་ནས་ཞོག་ཁོག་གཏུབས་མ་ཡོངས་སུ་ཚོས་རྗེས་སྐྱུར་པོ་རློན་པ་བླུགས་ནས་བཙོས་ན་འགྲིག དེའི་འཕྲོས་གྲོ་ཞིབ་དང་ཆུ་མཉམ་དུ་བསྲེས་ནས་བརྫིས་རྗེས་རིལ་ཐག་ཏུ་བསྒྲིལ་ཏེ་གོང་གི་ཁུ་བ་ནང་བཙོ་དགོས།མཐའ་མར་ཚྭ་དང་ཙོང་སོགས་འདོན་རྗེས་བཟའ་ཆོག མེ་ཚད་འབྲིང་བ་དགོས།ཐུག་པ་དེའི་བྲོ་བ་ཞིམ་ཞིང་བཅུད་ཆེ་བས་རྒྱལ་རོང་བོད་པ་ཚོའི་དགའ་བསུ་ཆེན་པོ་ཐོབ་པའི་རྒྱུན་ཟས་སུ་གྱུར་ཞིང་ལུས་ཟུངས་གསོ་བར་ཕན་ཐོགས་ཆེའོ།། 

  བྲོ་ཞིམ་ཕག་གཟུག

  བྲོ་ཞིམ་ཕག་གཟུག་བཙོས་མ་ནི་རོང་བྲག་བོད་པ་ཚོས་ཟས་མཆོག་ཅིག་ཏུ་བརྩིས་ཏེ་དུས་སྟོན་དུས་ཆེན་ཐོག་རང་གིས་ལོངས་སུ་སྤྱོད་པ་དང་།མགྲོན་པོ་སྣེ་ལེན་བྱེད་པར་གསོལ་ཚིགས་སུ་སྦྱིན་པ་དང་།རྩ་ཆེ་བའི་ཉེ་དུ་མཛའ་གྲོགས་དང་དཔོན་པོ་རྣམས་ལ་ལག་རྟགས་སུ་ཕུལ་བཞིན་ཡོད་པ་རེད།ཁྱད་པར་དུ་རོང་བྲག་ཏུ་ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་དེ་དར་འཕེལ་བྱུང་བ་ནས་བཟུང་བྲོ་ཞིམ་ཕག་གཟུག་དེར་ལྗོངས་རྒྱུ་བ་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།

  བྲོ་ཞིམ་ཕག་གཟུག་གི་ལས་སྟངས་ནི།ཕག་པའི་ཤ་ཁོག་གཅིག་གི་སྟོད་སྨད་གཟུགས་སོ་སོ་ཕུད་རྗེས་ཕྱིའི་པགས་པ་བཀོག་པ་ཚིལ་དང་རུས་པ་ཚང་མ་བླངས་རྗེས་སྨྱུག་མའང་ཤིང་དབྱུག་མཉེན་མོ་ཞིག་གིས་ཤ་ཚང་མ་ལེབ་ལེབ་ཏུ་རྒྱ་ཆེར་བཀྲམས།དེ་ནས་བྲོ་ཞིམ་རྩྭ་སྨན་གྱི་ཕྱེ་མ་ཤ་ལེབ་མོའི་ངོས་སུ་སྙོམས་པོ་བསྐུས་ཏེ་རླུང་སྐམ་བྱེད་བཅུག་ན་ཆོག  ཕག་གཟུག་ཟ་ཁར་མེ་ཚད་འབྲིང་བས་ཆུ་འཁོལ་རྗེས་ཆུ་ཚོད་ཕྱེད་ཀ་ཙམ་བཙོས་ན་བྲོ་བ་ཧ་ཅང་ཞིམ་པོ་རེད།བོད་ཕག་གི་ཤ་གཟུག་ལ་གཞན་དང་མི་འདྲ་བའི་བྲོ་ཞིམ་ཞིག་ལྡན་པའི་ཟེར་སྒྲོས་མཆིས་སོ།།

<