བོད་ཀྱི་བུད་མེད་ཆང་ས་མ་བརྒྱབ་གོང་པང་གདན་འཆིང་སྲོལ་མེད་པ་རེད་དམ།

2018-09-06

 

  བོད་རིགས་བུ་མོ་རྣམས་ཀྱི་པང་གདན་འཆིང་སྲོལ་ལ་མི་རྣམས་ཀྱི་ལབ་གླེང་སྣ་ཚོགས་འདུག་སྟེ། ཡང་སྙིང་ཆང་ས་བརྒྱབ་ཚར་ན་མ་གཏོགས་པང་གདན་འཆིང་མ་ཆོག་པ་རེད་དམཞེ་ན། 

  བོད་རིགས་ཀྱི་བུ་མོས་པང་གདན་འཆིང་སྲོལ་ཐད་ལ་མི་འགའ་ཞིག་གིས་བོད་རིགས་བུད་མེད་རྣམས་ཆང་ས་མ་བརྒྱབ་གོང་པང་གདན་མི་འཆིང་བར། ཆང་ས་བརྒྱབ་རྗེས་པང་གདན་འཆིང་བ་ནི། རྒྱ་གར་བ་དང་ནེ་པ་ལའི་བུད་མེད་ཀྱིས་ཆང་ས་བརྒྱབ་རྗེས། དཔྲལ་བའི་ཐད་ཀྱི་སྐྲ་མཚམས་སུ་ཚོས་དམར་པོ་བྱུག་པར་ལད་མོ་བྱས་པ་ཞིག་ཡིན་པ་མ་གཏོགས། བོད་དུ་སྔར་ནས་ད་བར་བུ་མོ་རྣམས་ཆུང་དུས་ནས་པང་གདན་འཆིང་གི་ཡོད་ཅེས་གསུངས་པ་ནི་ཡོངས་སུ་ནོར་བ་ཞིག་རེད། 

  ཡང་མི་འགའ་ཞིག་གིས་དེ་ལས་ལྡོག་སྟེ། བོད་ཀྱི་བུད་མེད་རྣམས་ཆང་ས་མ་བརྒྱབ་གོང་པང་གདན་འཆིང་སྲོལ་མེད་ཅེས་གསུངས་པ་ཡང་ནོར་བ་སྟེ། དོན་དུ་དེ་ལྟར་མིན། དེ་སྔ་བོད་ཀྱི་བུ་མོ་རྣམས་ཆུང་དུས་ཏེ་ལོ་བཅུ་གསུམ་མ་ལོན་བར་མགོ་རིལ་ལམ་ཡང་ན་སྐྲ་ལྷུག་མར་འཇོག་སྲོལ་ཡོད། གྲོང་གསེབ་ཁག་ཏུ་ཁྱིམ་ཚང་ཅུང་ཟད་དབུལ་པོ་རྣམས་ཀྱི་བུ་མོ་རྣམས་ལྕི་བ་དང་མེ་ཤིང་སྒྲུག་དགོས་པ་སོགས་ཆུང་དུས་ནས་ལས་ཀ་ཙག་ཙིག་བྱེད་དགོས་པར་བརྟེན། ཕྱུ་པའི་ཟོན་སྐྱོར་དུ་པང་གདན་འཆིང་བའི་སྲོལ་ཡོད། འོན་ཀྱང་ལྷ་ས་སོགས་ལ་བུ་མོ་ཆང་ས་རྒྱག་དུས་པང་གདན་འཆིང་བ་དང་། ལྕང་ལོ་རྒྱག་པ། སྤ་ཕྲུག་གྱོན་པ་བཅས་ཀྱི་སྲོལ་ཡོད། 

<