ལུགས་རྙིང་ལོ་གསར།

2018-08-28

 

   འཛམ་གླིང་སྤྱིའམ་གཞུང་ཕྱོགས་ལས་ཁུངས་ཐུན་མོང་གིས་རྩི་བའི་སྤྱི་ལོ་རྩི་སྟངས་མི་འདྲ་ལ། བོད་ཟླ་རྩི་ལུགས་དང་ཡང་མི་འདྲ་བར། མདོ་ཁམས་ཡུལ་གྱི་རྒྱ་ཆེའི་ཞིང་བ་མང་བོས་ལོ་ཏོག་འདེབས་པའི་བརྒྱུད་རིམ་ཁྲོད། ཟླ་བའི་འཕེལ་འགྲིབ་ཀྱི་ཡར་ངོ་མར་ངོའི་ཆ་གཞིར་བཟུང་ནས་རྩི་བའི་ལུགས་རྙིང་གི་ཚེས་ཞག་སྦྱོར་ལུགས་གཙོ་བོར་བཟུང་ནས། ལུགས་རྙིང་གི་ལོ་གསར་རོལ་བཞིན་ཡོད། 

   ལུགས་རྙིང་ལོ་གསར།

  འཛམ་གླིང་སྤྱིའམ་གཞུང་ཕྱོགས་ལས་ཁུངས་ཐུན་མོང་གིས་རྩི་བའི་སྤྱི་ལོ་རྩི་སྟངས་མི་འདྲ་ལ། བོད་ཟླ་རྩི་ལུགས་དང་ཡང་མི་འདྲ་བར། མདོ་ཁམས་ཡུལ་གྱི་རྒྱ་ཆེའི་ཞིང་བ་མང་བོས་ལོ་ཏོག་འདེབས་པའི་བརྒྱུད་རིམ་ཁྲོད། ཟླ་བའི་འཕེལ་འགྲིབ་ཀྱི་ཡར་ངོ་མར་ངོའི་ཆ་གཞིར་བཟུང་ནས་རྩི་བའི་ལུགས་རྙིང་གི་ཚེས་ཞག་སྦྱོར་ལུགས་གཙོ་བོར་འཛིན་པ་ཡིན་ཞིང་། གྲོང་དང་གྲོང་ཁྱེར་དུ་སྡོད་པའི་ལས་བྱེད་རྣམས་ཀྱིས་ཡུལ་དུས་དང་བསྟུན་ནས་ལད་ཟློས་ཀྱི་ཚུལ་དུ་སྤྱི་ཟླའམ་ཕྱི་ཟླའི་ལོ་སར་ཏེ་རྒྱ་ནག་གི་སྐད་དུ་ཡཱན་ཏན་ཟེར་བའི་ལོ་གསར་མངོན་ཆུང་རེ་རོལ་བ་ཙམ་མ་གཏོགས། རོང་འབྲོག་ས་ཆར་གནས་བཅས་པའི་བོད་མི་ཕལ་ཆེ་བ་དང་བོད་སྡེའི་མཐའ་འཁོར་གྱི་ཞིང་ལས་གཙོ་གཉེར་གྱི་སྤུན་ཟླ་མི་རིགས་རྒྱ་དང་སོག་པོ་ཧོར་ལ་སོགས་ཀྱིས་ཀྱང་རྒྱ་རྩིས་ཀྱི་ལུགས་རྙིང་ལྟར་ཧོར་ཟླ་དང་བོའི་ཚེས་གཅིག་ལ་ལོ་གསར་རྒྱ་ཆེར་རོལ་བཞིན་ཡོད་པས།  ཡོངས་གྲགས་སུ་དེ་ལ་ལུགས་རྙིང་ལོ་གསར་ཞེས་འབོད་ལ། དཔྱིད་གསར་དུས་ཆེན་ཞེས་འབོད་མཁན་ཡང་ཡོད།

    ལུགས་རྙིང་གཙིགས་སུ་འཛིན་ཚུལ།

  ཐོན་སྐྱེད་འཚོ་བའི་ཁྲོད་དུ་འགྲོ་འདུག་དགེ་སྒྲུབ་གང་བྱས་ཀྱང་ཨ་མདོ་བ་ཕལ་ཆེ་བས་སྔོན་གྱི་རྒྱ་ནག་གོང་མའི་གསེར་རྩིས་སམ་ཧོང་ལི་སྟེ་ལུགས་རྙིང་ལོ་ཐོའི་རྩི་སྲོལ་དེ་གཞིར་བཟུང་ནས་ཟླ་བ་ཡར་ངོ་མར་ངོའི་འཕེལ་འགྲིབ་དང་མཐུན་པར་ཉིན་ཞག་བརྩིས་ཏེ། བདེ་སྡུག་ལེགས་ཉེས་དང་རྒྱལ་ཕམ་སོགས་ནག་རྩིས་ནང་བཞིན་བརྟགས་ཤིང་། ཉ་སྟོང་ཚེས་བརྒྱད་ལ་སྨྱུང་གནས་དང་སྡོམ་པ་བསྲུང་བ། ཆོས་ཐོག་རིམ་གྲོ་འཚོགས་པ། སྡིག་འཛེམ་དགེ་སྒྲུབ་བྱེད་པ། ལྷ་གསོལ་མཆོད་འབུལ་དང་རྟེན་བཞེངས་མཁར་བརྩིགས། གཞི་འཛིན་བག་སྟོན་བཅས་ཀྱི་དུས་སྐར་ལ་བལྟ་ན་ཡང་ལུགས་རྙིང་གི་རྩི་སྲོལ་གཞིར་བཟུང་བ་ཡིན་པས། མི་རྒན་གཞོན་ཚང་མའི་སེམས་སུ་རྒྱ་ལོའི་ལོ་སར་ཚེས་གཅིག་ནས་བཟུང་།  རང་ཉིད་ལོ་གཅིག་གིས་ཇེ་ཆེར་སོང་ཡོད་པ་དང་།   ལོ་གཅིག་གིས་བསམ་ཇེ་ཤེས་སུ་སོང་ཡོད་པར་འདོད་པས།   ལུགས་རྙིང་གཙིགས་སུ་འཛིན་མཁན་ཧ་ཅང་མང་ངོ་།།

    ཨ་མདོར་ལུགས་རྙིང་ལོ་གསར་དར་ཚུལ།

  ཨ་མདོ་ཕྱོགས་ནས་ལུགས་རྙིང་གི་ལོ་གསར་གཏོང་སྲོལ་ལ་ཡིག་ཐོག་ཏུ་ཧོར་ཟླ་དང་བོ་དང་མཆུ་ཟླ་དང་ཆོ་འཕྲུལ་ཟླ་བ་ཞེས་དོན་གཅིག་མིང་གི་རྣམ་གྲངས་དུ་མར་འབོད་ཀྱིན་ཡོད་པའང་ཞར་ཞོར་དུ་ཤེས་ན་བཟང་སྟེ།  ཧོར་ཟླ་དང་བོར་ཇིང་གིར་རྒྱལ་པོས་མི་ཉག་གི་རྒྱལ་ཁབ་ཆམ་ལ་ཕབ་སྟེ་ཟླ་བ་དེར་བཀྲ་ཤིས་པའི་དགའ་སྟོན་བྱས་པས་མཆུ་ཟླ་ནི་ལོ་གསར་དུ་ངོས་བཟུང་ཞིང་། མིང་ལའང་ཧོར་གྱི་ཟླ་བ་དང་བོར་གྲགས་ཞེས་རྒྱལ་དབང་ལྔ་བའི་རྩིས་དཀར་ནག་དྲིས་ལན་ལས་གསུངས་ཡོད་ལ།   ལོ་མགོ་འཛིན་ལུགས་འདི་མདོ་སྡེ་གསེར་འོད་དང་སྨན་གྱི་རྒྱུད་བཞི་ལྟར།  རྒྱ་ནག་འཇམ་དབྱངས་གོང་མ་རིམ་བྱོན་དང་ཧོར་རྒྱལ་པོ་དང་བོད་ཁ་བ་ཅན།   ནག་རྩིས་པ་འགའ་ཞིག་བཅས་ཐམས་ཅད་ཞལ་མཐུན་པར་ཀློང་རྡོལ་བླ་མས་ཀྱང་བཞེད་ལ། མདོ་སྨད་ཕྱོགས་ནས་ཧོར་ཟླ་དང་བོའི་ཚེས་གཅིག་ནས་རྒྱ་ལོའི་ལོ་སར་རོལ་བའི་སྲོལ་དར་ཡོད་པར་མ་ཟད། ཚེས་གྲངས་རྩི་སྐབས་ཀྱང་རྒྱ་ལོ་ཚེས་གཅིག་ཚེས་གཉིས་ཞེས་འབོད། རྒྱ་ལོ་ཚེས་པའི་སྔོན་གྱི་ཧོར་ཟླ་བཅུ་གཉིས་པ་ཚེས་མགོ་ནས་བཟུང་ལོ་སར་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་པ་དང་། ཟླ་བ་བཅུ་གཉིས་པ་ལ་ཨ་མདོ་བས“བོད་ལོ”ཞེས་ཟེར། བོད་ལོ་བཅོ་ལྔའི་རྗེས་ནས་ཁྱིམ་ཚང་སོ་སོས་གོན་པ་དང་ཀ་ར་སིལ་ཏོག་སོགས་ཉོ་ཆ་རྒྱག་པ་དང་།  ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིད་ལོ་ལྷ་དང་ས་བདག་གི་འཁོར་ཕྱོགས་ལ་གཞིགས་ཏེ།  དུད་ཁྱིམ་རེ་རེས་གསར་དུ་བསྡམས་པའི་བྲ་ཤིང་གི་སྡུད་མ་དང་རྩི་ཏོའི་ཕྱགས་མས་ཀ་གདུང་དང་ལྕམ་དྲལ་གྱི་སྟེང་གི་དུད་པ་ལེན་པ་དང་། མི་ཁང་གཙོ་བྱས་པའི་ཁྱིམ་གྱི་སྒོ་མཐའ་ཕྱི་ནང་ཀུན་ལ་གཙང་སྦྲ་ལེགས་པོ་བྱེད་སྲོལ་ཡོད། བྱིས་པ་ཚོས་ཀྱང་ཁྱིམ་གྱི་ཅ་ལག་ཡང་མོ་རྣམས་ཕྱི་ལ་སྐྱེལ་རོགས་བྱས་ཏེ་གཙང་མར་ཕྱིས་རྗེས་ཀ་ཅ་དག་ཕྱིར་ཁྱིམ་ནང་དུ་གྲ་དག་གིས་བསྒྲིགས་པ་ཡིན། མལ་གདན་དང་པགས་སྟན་ཚང་མ་སྲས་མདོར་ཁྱེར་ནས་རྡུལ་སྤྲུགས་བྱེད་པ་དང་། ཁྱིམ་ཕྱགས་གད་སྙིགས་མཐའ་དག་སླེ་བོ་ཞིག་གི་ནང་དུ་བླུགས་ནས་གཏན་ཁེལ་གྱི་གནས་སུ་འབོ་བར་བྱེད་ཅིང་།  ཁྱིམ་བདག་མས་དུད་པ་འབོ་ཞོར་མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མི་འབྱུང་བའི་བཀྲ་ཤིས་སྨོན་ལམ་ཡང་ཡང་འདེབས་པ་ཡིན། ཟླ་དེའི་ཚེས་ཉེར་བཞི་ཉིན་ལ་ཁྱིམ་གྱི་ཐབ་ཀ་འཇིམ་པས་དབྱིས་ཤིང་། ཚེས་ཉེར་ལྔ་ནས་བཟུང་ལོ་སར་གྱི་སྡེར་ཁ་སྒྲིག་སྤྱད་གོ་དམར་འཚོད་པ་དང་ཆབས་ཅིག་ཏུ་བསང་མགོར་དབུལ་རྒྱུའི་གོ་རེ་མེ་ཏོག་མ་དང་སོག་སོག་ཕྲ་རིང་མ་སོགས་བཙོས་ནས་འཇོག་ལ། འབྲོག་པ་ཚོས་གོ་རེ་ཁ་རྟིས་དང་ཞུན་དང་ཤ་མར་སོགས་ཀྱང་གྲ་སྒྲིག་བྱེད་པ་ཡིན། ཞོར་དུ་ཁོམ་སྐབས་དང་བསྟུན་ནས་ཚིལ་དྲེག་ཆགས་པའི་ལྭ་བ་དང་མལ་ཐུལ་ཕྱི་མ་སོགས་ཀྱང་བཀྲུས་ནས་ལོ་སར་སྐབས་སུ་གཙང་མ་གཙང་རྐྱང་གིས་གོན་རྐྱང་བྱས་ཏེ་འཇོག་ལ། ཤོམ་ལྭ་གསར་བ་སོགས་བཟོས་ཏེ་གྲ་སྒྲིག་ཚགས་སུ་ཆུད་པར་བྱེད་པ་དང་།  གནམ་གང་ལ་སྐྲ་གཞར་བ་དང་མགོ་སྐྲ་སླས་པའི་དཔེ་སྲོལ་མེད་པས། ཚེས་ཉེར་དགུའི་ཉིན་ལ་བུད་མེད་རྣམས་ཀྱིས་སྔ་ས་ནས་ཅིས་ཀྱང་མགོ་སྐྲ་འཁྲུད་ཅིང་སྐྲ་སླས་པ་དང་། སྐྱེས་པ་ཚོས་ཀྱང་སྐྲ་དང་ཁ་སྤུ་བཞར་ནས་གཙང་སྦྲ་བྱེད་པ་ཡིན།  མུན་རུབ་མཚམས་སུ་བཟའ་མི་ལྷན་འཛོམས་ཀྱིས་དགུ་ཐུག་འཐུང་བ་དང་། ཤ་དང་ཐུག་པ་གཙོས་པའི་དགོང་ཟས་རྒྱགས་ཚད་ཅིག་ཟོས་ནས་གཤིན་རྗེའི་རྒྱ་མར་ལྗིད་ཚད་འཇལ་དུས་རྒྱ་ཁ་ལོན་དགོས་ཟེར་ཞིང་།  ཕྱི་ལོར་ལྟོགས་སྐོམ་མི་ཡོང་བར་རྒྱུན་དུ་འགྲང་ངེས་ཟེར་སྲོལ་ཡོད།

   གནམ་གང་།

  ཟླ་བཅུ་གཉིས་པའི་ཚེས་སུམ་ཅུ་སྟེ་བོད་ལོ་གནམ་གང་གི་ཉིན་ལ། ལྷ་སྡེའི་ཡོན་བདག་ཚོས་དགོན་པའི་གྲྭ་པ་ཚོར་ལོ་སར་སྔུན་སྐྱེལ་བྱེད་པའི་སྲོལ་ཡོད་ལ། རང་ཁྱིམ་ནས་ཀྱང་ཀ་ར་སིལ་ཏོག་གི་སྡེར་ཁ་དང་། ཤ་སྡེར། གོ་སྡེར། གྲོ་མ་འབྲས་སིལ་སོགས་ཟས་ཞིམ་གང་འཛོམས་གྲ་སྒྲིག་བྱས་ཤིང་། མི་ཁང་གི་དཀྱིལ་ཀའི་ངོར་ནྱ་གྲོ་ཏའི་ལྗོན་པ་རྒྱས་འདྲའི་ཙོལ་སྡོང་བཙུགས་ནས་ཁྱིམ་གྱི་སྲུང་མ་དཔལ་ལྡན་ལྷ་མོ་སོགས་ལ་མཆོད་འབུལ་བཤམས་ཤིང་། བསླུ་མེད་སྐྱབས་གནས་དཀོན་མཆོག་གསུམ་པོའི་རྟེན་བཞུགས་མཆོད་ཁང་གི་མཆོད་སྟེགས་ཀྱི་མདུན་དུ་རྡོ་ཀ་ར་དང་ཀུ་ཤུ་སོགས་མཆོད་རྫས་གང་མཛེས་བཤམས་པ་དང་། མཁར་ཁ་དང་གྱང་ཐུང་གི་སྟེང་དུ་བར་ཐག་ངེས་ཅན་ཡོད་པའི་སྒོ་ནས་ཆབ་རོམ་བསྒྲིགས་ཏེ་གནམ་ལོ་གསར་བར་དྭངས་གཙང་གི་མཆོད་པ་འབུལ་བར་མ་ཟད། ཁྱིམ་གྱི་ཀ་ངོ་དང་རྩིགས་ལྡེབས་དང་ཆ་སྒམ་སོགས་ཀྱི་སྟེང་ལ་བཀྲ་ཤིས་རྟགས་མཚོན་གྱི་དཀར་ཐིག་རི་མོ་བྲིས་ནས་མཛེས་ཉམས་དོད་ཅིང་། ནམ་གུང་གི་ཆུ་ཚོད་གཅིག་ཡས་མས་ནས་ནང་མི་ཚང་མ་མལ་ལས་ལངས་ཏེ།  ལྷ་རྟེན་ཆོས་གསུམ་ལ་མཆོད་པ་མཆོད་མེ་བཤམས་ཏེ་གུས་ཕྱག་འཚལ་བ་དང་། ཁང་ཐོག་ཏུ་བསང་ཆེན་ཕུད་ཞོར་དུ་ཤོག་སྦག་འགད་པ་དང་། རྒྱ་ལོ་ཚེས་གཅིག་གི་ཞོགས་ཟས་མཉམ་དུ་མ་ཟོས་གོང་ལ་གྲལ་མགོར་འཁོར་ནས་ཁྱིམ་གྱི་ལོ་ལོན་རྒན་རྒོན་དང་དྲིན་ཆེན་ཕ་མ་ལ་གུས་ཕྱག་འཚལ་བ་དང་།  རྒན་རྒོན་རྣམས་ཀྱིས་ལོ་གསར་གྱི་ཁ་གཡང་བོས་ནས། ཚེ་རིང་ལོ་བརྒྱར་འབུད་པ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་ལམ་བརྒྱབ་རྗེས། བྱིས་པ་རྣམས་ལ་ལོ་སྐལ་ཡིན་ཞེས་སིལ་ཏོག་དང་ཀ་ར་བུ་རམ།  ཡང་ན་སྒོར་མོ་འགའ་རེ་སྟེར་སྲོལ་མཆིས།  མཐར་བཟའ་མི་ལྷན་འཛོམས་ཀྱིས་ལོ་རིམ་ཆེ་ཆུང་ལྟར་ཕོ་རྣམས་སྐྱིལ་ཀྲུང་དང་མོ་རྣམས་ཙོག་འདུག་བྱས་ནས་དགའ་དགའ་སྐྱིད་སྐྱིད་ངང་གནམ་ལོ་གསར་བའི་ལོ་ཇ་ཞེས་ཟས་མཆོག་ལ་རོལ་བ་ཡིན། དེའི་འཕྲོར་ཁྱིམ་མི་རྒན་གཞོན་ཀུན་གྱིས་གོས་གསར་གྱོན་པ། རྒྱན་ཆ་འདོགས་པ།   ལོ་སར་ལེགས་སྐྱེས་ཁྱེར་བ་སོགས་ཀྱི་བྱེད་སྒོ་མཐའ་དག་རང་རང་ས་ནས་བསྒྲུབ་དགོས་ལ། སྟག་ཤར་ཚོས་ཁྱིམ་ཚང་གི་ཚབ་བྱས་ནས་སྡེ་བའི་ལོ་ལོན་རྒན་རྒོན་དང་བབ་སྐལ་མེད་པའི་ཁྱིམ་ཚང་ལ་ཆང་དམ་བུ་གང་དང་། ཇ་བག  རྡོ་ཀ་ར་སོགས་གང་འཚམས་རེ་ཁྱེར་ནས་སྡུག་ལོ་སར་བར་བསྐོར་བ་བྱེད་པ་དང་།  ལ་ལ་རི་བསང་ཕུད་པར་འགྲོ་བའང་ཡོད།  ནམ་མ་གསལ་བར་དུ་བྱིས་པ་ཚོས་སྡེ་བའི་དུད་ཁྱིམ་ཚང་མར་ལོ་སར་ཁྱེར་འགྲོ་བ་དང་། ལོ་སར་གྱི་ལེགས་སྐྱེས་ལ་གོ་རེ་རྒྱལ་པོ་དང་གོ་རེ་ཁ་རྟིས་སོགས་ཁྱེར་བ་ཡིན། དོན་དུ་བྱིས་པ་ཚོ་དགའ་སྤྲོའི་ངང་ཁྱིམ་ཚང་རེ་རེར་ཀ་ར་སིལ་ཏོག་དང་སྒོར་མོ་སོགས་ལོ་སྐལ་སློང་དུ་འགྲོ་བ་རེད། དུད་ཁྱིམ་རེ་རེའི་རྒྱ་སྒོ་ནང་དུ་བསླེབས་མ་ཐག་ལོ་སར་བཟང་ཞེས་འུར་སྒྲོག་པ་དང་། ཁྱིམ་བདག་མས་བྱིས་པ་ཚོར་ཀ་ར་སིལ་ཏོག་དང་ཤོག་སྦག སྒོར་མོ་འགའ་རེ་སྟེར་བ་ཡིན།

  ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་ཚེས་བཅོ་ལྔའི་བར་དུ་མདོ་སྨད་ཡུལ་གྱི་རོང་འབྲོག་ཀུན་གྱིས་ཆོས་དང་འཇིག་རྟེན་ཟུང་འབྲེལ་སྒོས་ལོ་སར་བ་དང་ལྷན་དུ་བུ་ལ་མནའ་མ་ལེན་པའི་གཉེན་སྟོན་དང་བུ་མོ་མནའ་མར་རྫོང་བའི་བག་སྐྱེལ། སྐྱེས་ལྷ་དགྲ་ལྷ་མཆོད་པའི་ལྷ་རྩེད། མཛའ་གཅུགས་འགྲན་བསྡུར་གྱི་མདའ་རྩེད་དང་ལྒང་རྩེད་སོགས་ལྟད་མོ་སྣ་ཚོགས་སྟོན་པ་དང་ཆབས་ཅིག་གླུ་ལེན་གར་རྩེན་གྱི་བྱེད་སྒོ་སོགས་ཀྱང་རྒྱ་ལོའི་ལོ་སར་གྱི་ཁོམ་གསེང་དུ་མཐོང་ཐོས་མྱོང་གསུམ་བགྱི་ཐུབ་པ་ཡིན།

  དཔྱད་གཞིའི་ཡིག་ཆ།

<