ཁམས་མི་ཉག་སྨུག་རོང་ཡུལ་གྱི་མཁར་རྫོང་སྐོར་བཤད་པ།

2016-05-20

  ཁམས་མི་ཉག་སྨུག་རོང་ཡུལ་གྱི་མཁར་རྫོང་སྐོར་བཤད་པ། 

  ཨོ་རྒྱན་དོན་གྲུབ། ༢༠༡༥ལོའི་ཟླ༠༨ཚེས༠༦ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

 

  བོད་ཁམས་སྤྱིའི་ཆ་ནས་བལྟས་ན་མཁར་རྫོང་འཛུགས་སྐྲུན་ནི་ལོ་རྒྱུས་ཐོག་གི་ལག་རྩལ་ཆེས་མཐོ་ཤོས་ཤིག་ཏུ་ཆགས་ཡོད་པར་མ་ཟད།འཛམ་གླིང་གི་ངོས་ནས་བཤད་ནའང་བོད་ཀྱི་མཁར་རྫོང་འཛུགས་སྐྲུན་ནི་མི་རིགས་རང་ཉིད་ཀྱི་བློ་རིག་གི་སྙིང་བཅུད་ལས་འཁྲུངས་པའི་ཐུན་མིན་གྱི་བཟོ་རྩལ་རྩེ་གྲས་ཤིག་ལ་རྩི་ཡི་ཡོད།ལོ་རྒྱུས་ཡིག་ཚང་དག་ལ་བལྟས་ན་བོད་རང་ཉིད་ལ་མཁར་རྫོང་བཟོ་སྐྲུན་གྱི་ལག་རྩལ་འདི་རང་ས་རང་ཡུལ་དུ་དར་ནས་ལོ་ངོ་སྟོང་ཕྲག་མང་པོ་སོང་ཡོད་པའི་བདེན་དཔང་རྙེད་ཐུབ་ཡོད་པས་མཁར་རྫོང་བཟོ་སྐྲུན་ནི་རང་མི་རིགས་ཀྱི་བླ་ན་མེད་པའི་བློ་གྲོས་ཀྱི་སྙིང་བཅུད་ཅིག་ཡིན་པ་མཚོན་ཐུབ་བོ།།

  དེ་ལས་ཁམས་མི་ཉག་སྨུག་རོང་ཡུལ་གྱི་མཁར་རྫོང་འདི་དག་ཀྱང་བོད་ཀྱི་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་དང་རྒྱལ་མོ་རྔུལ་ཆུའི་གཡས་གཡོན་སོགས་སུ་མཁར་རྫོང་འཛུགས་སྐྲུན་གྱི་ལག་རྩལ་དར་དུས་ཤིག་ནས་ཡུལ་འདི་ག་ལའང་དར་ཡོད་ངེས་ལ།ཡུལ་འདི་རུ་རྡོ་བཟོའི་རིག་པའི་སྐོར་ལ་གནའ་སྔ་མོ་ནས་མཁས་ཤིང་ཁྱབ་བརྡལ་ཆེ་བའི་ཡུལ་ཞིག་ཡིན་འདུག་སྟེ།སྔོན་གྱི་རྡོ་བཟོ་ལག་རྩལ་དག་ཡུལ་འདི་གར་ད་དུང་མ་ཉམས་པར་རྒྱུད་འཛིན་བཞིན་ཡོད་པར་མ་ཟད་སྨུག་རོང་གི་རྡོ་བཟོ་ལག་རྩལ་ལ་ཡུལ་ཁམས་འདིའི་གཡས་གཡོན་ནས་ཧ་ཅང་གིས་སྔོན་ཐོན་གྱི་ལག་རྩལ་བཟང་གྲས་སུ་ཚུད་ཡོད་པ་རེད།

 

  ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་ཁམས་མི་ཉག་སྨུག་རོང་ཡུལ་འདི་གའི་ལུང་པ་སྟོད་སྨད་བར་གསུམ་ན་མཁར་རྫོང་ཆེ་ཆུང་བཅུ་ཕྲག་མང་པོ་བྱུང་མྱོང་ཡོད་ལ།བགྲང་བྱ་སྟོང་ལྷག་འདས་རུང་གཡོ་མེད་ཀྱི་ངང་ནས་ཀྲོང་ངེར་འགྱིང་ཡོད་པ་ད་ལྟའང་ཧ་ཅང་མང་ལ།ལ་ལ་ཞིག་ཞིག་རུལ་དུ་སོང་ཡོད་ནའང་དེ་དག་ཆེད་དུ་མིས་བཤིག་བཞག་པ་ཞིག་ལས་རང་བཞིན་གྱིས་ཞིག་སོང་བ་མིན་པ་ཤེས་ཐུབ།མཁར་རྫོང་དེ་དག་གི་རྡོ་བརྩིགས་ཀྱི་ལག་ཤེས་ཧ་ཅང་གི་སྔོན་ཐོན་ཞིག་ཏུ་བརྩིས་ནས་ད་ལྟ་ལོ་རྒྱུས་ཞིབ་འཇུག་ལ་རིན་ཐང་བྲལ་བའི་ཞིབ་འཇུག་གི་དཔྱད་གཞི་དང་ཁ་ཕྱོགས་གསར་བ་ཞིག་བསྟན་པ་ཡོད་པ་རེད།།༼ཐུབ་བསྟན་དར་རྒྱས་ཀྱིས་པར་བླངས། ༽

 

<