རྔ་བ་ཁུལ་གྱིས་2026ལོའི་ལོ་འཁོར་གྱི་བྲུག་འགོག་གནོད་སེལ་གྱི་མཁོ་བསྟུན་འཁྲབ་སྦྱོང་བྱེད་སྒོ་སྤེལ་ཏེ།
ཆུ་མདོའི་ཆུ་གློག་ས་ཚིགས་ཀྱི་བྲུག་འགོག་གནོད་སེལ་གྱི་ཆེད་དོན་མཁོ་བསྟུན་འཁྲབ་སྦྱོང་བྱས།
ལུའོ་ཀྲེན་ཧྭ་ཡིས་ཕྱོགས་བསྡོམས་དང་དཔྱད་བརྗོད་གནང་།
གོམ་གང་མདུན་སྤོས་ཀྱིས་ཁེ་ལས་དང་ས་གནས་མཉམ་འགུལ་དང་། སྡེ་ཁག་མཐུན་སྦྱོར། ས་ཁོངས་མཉམ་སྒྲུབ་བཅས་ཀྱི་དངོས་འཐབ་ཕན་ནུས་སྔར་བས་ཆེ་རུ་གཏོང་བ་དང་། འགག་རྩའི་ལྷུ་ཚིགས་སྦྲེལ་མཐུད་ཀྱི་ཕན་འབྲས་ཆེ་རུ་བཏང་ནས། བྲུག་འགོག་གནོད་སེལ་ལས་ཀའི་ཁྲོད་དངོས་འབྲེལ་གྱི་ཁ་གཏད་གཅོག་ནུས་དང་ཚན་རིག་དང་མཐུན་པའི་ཁ་གཏད་འཇལ་བ། ཐག་གཅོད་ནུས་ལྡན་བྱེད་པ། བྲུག་ཆུ་བདེ་སྒྲོལ་ཐུབ་པ་བཅས་འགན་ལེན་བྱ་ཆེད། ཟླ་4ཚེས་29ཉིན། རང་ཁུལ་གྱིས་2026ལོའི་ལོ་འཁོར་གྱི་བྲུག་འགོག་གནོད་སེལ་གྱི་མཁོ་བསྟུན་འཁྲབ་སྦྱོང་དང་ཆུ་མདོའི་ཆུ་གློག་ས་ཚིགས་བྲུག་འགོག་གནོད་སེལ་གྱི་མཁོ་བསྟུན་འཁྲབ་སྦྱོང་སྤེལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭ་འཁྲབ་སྦྱོང་ནང་ཞུགས་པ་མ་ཟད་ཕྱོགས་བསྡོམས་དང་དཔྱད་བརྗོད་གནང་། རྒྱལ་མོ་རྔུལ་ཆུ་ཀུང་སིའི་སྤྱི་གཉེར་བ་དབྱང་རུང་དང་། སྤྱི་གཉེར་བ་གཞོན་པ་ཞེ་ཞང་པིང་། ཀྲུང་གོའི་གློག་འཛུགས་ཚོགས་པ་ཁྲེང་ཏུའུ་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་ཧྲི་ཧྲུའུ། སྤྱི་གཉེར་གཞོན་པ་ཏེང་དབྱི། ཁུལ་གྱི་འགོ་ཁྲིད་ཞུས་ལེ་དང་། ཝང་ཧྲུའུ་མིང་། ཀྲུའུ་རུའེ། ཁྲེན་ལེན་དབྱི། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་རིག་འཛིན་ཚེ་རིང་། འབར་ཁམས་གྲོང་ཁྱེར་དང་། ཆུ་ཆེན་རྫོང་། འཛམ་ཐང་རྫོང་བཅས་ཀྱི་ཏང་ཨུའམ་སྲིད་གཞུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་བཅས་འཁྲབ་སྦྱོང་ནང་ཞུགས་ཡོད།
ཐེངས་འདིའི་འཁྲབ་སྦྱོང་ནང་འབར་ཁམས་གྲོང་ཁྱེར་འབར་ཁམས་གྲོང་རྡལ་དང་སོ་མང་ཡུལ་ཚོ་སོགས་སུ་དྲག་ཆར་བབས་པའི་གནམ་གཤིས་ཐལ་དྲགས་པ་དང་ཆུ་མདོའི་ཆུ་གློག་ས་ཚིགས་ཀྱི་ཆུ་མཛོད་ཁུལ་དུ་ལོ་50ཡི་ནང་ཆུ་ལོག་གི་ཉེན་ཁའི་གནས་ཚུལ་ཚབས་ཆེན་འཕྲད་པ་རྒྱབ་ལྗོངས་སུ་བྱས་ཏེ། ཉེན་ཁའི་གནས་ཚུལ་གོང་ཞུ་དང་མཁོ་བསྟུན་ཐག་གཅོད། ཁེར་ཆགས་གླིང་ཕྲན་གྱི་རོགས་སྐྱོབ། གཞུང་ལམ་མྱུར་བཟོ། མང་ཚོགས་བཀོད་སྒྲིག་སོགས་ཀྱི་ཚན་པ་ལད་ཟློས་འཁྲབ་སྦྱོང་བྱས། རྔ་བ་ཁུལ་དང་འབར་ཁམས་གྲོང་ཁྱེར་གྱི་རིམ་པ་གཉིས་པའི་བྲུག་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་ཁོངས་མིའི་སྡེ་ཁག་དང་། ཆུ་མདོའི་ཆུ་གློག་ས་ཚིགས། དེ་མིན་འཛུགས་སྐྲུན་ནང་ཞུགས་མཁན་གྱི་སྡེ་ཁག་ཐེངས་འདིའི་འཁྲབ་སྦྱོང་ནང་ཞུགས།

ལུའོ་ཀྲེན་ཧྭ་ཡིས་དཔྱད་བརྗོད་གནང་སྐབས་བསྟན་དོན། ཐེངས་འདིའི་འཁྲབ་སྦྱོང་གཅིག་གྱུར་རྩ་འཛུགས་མངོན་གསལ་དོད་པ་དང་བཀོད་འདོམས་མ་ལག་གི་ལས་ཕྱོད་ཆེ་བ། སྡེ་ཁག་སོ་སོས་ལས་བགོས་ཁ་གསལ་བ་དང་འགན་འཁྲི་ཁག་ཐེག་ལེགས་པོ་བྱེད་པ། ཁུལ་ཡོངས་ཀྱི་བྲུག་འགོག་མཁོ་བསྟུན་བཀོད་འདོམས་མ་ལག་གི་དངོས་འཐབ་ཕན་ནུས་ལ་ཞིབ་བཤེར་གང་ལེགས་བྱས་ནས། དངོས་འཐབ་ཀྱི་ཁྲིད་སྟོན་མངོན་གསལ་དོད་པ་དང་རྣམ་པ་དོན་དངོས་དང་འཚམ་པ་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་དངོས་འབྲེལ་འཁྲབ་སྟོན་བྱས་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་མཁོ་བསྟུན་ཐག་གཅོད་ནུས་པ་མཐོར་འདེགས་སུ་བཏང་ནས། མཐུན་སྦྱོར་མཉམ་འགུལ་མངོན་གསལ་དོད་པ་དང་། སྲིད་གཞུང་དང་ཁེ་ལས་བར་གཞོགས་འདེགས་དམ་ཟབ་བྱེད་པ། མཐུན་སྦྱོར་འགག་གནད་སྒྲོལ་བ་བཅས་བྱས་ཏེ། བྲུག་འགོག་གནོད་སེལ་གྱི་མཉམ་ཤུགས་ཆེན་པོ་གཞི་གཅིག་ཏུ་སྒྲིལ་ཏེ། འགན་སྲུང་འདེགས་སྐྱོར་མངོན་གསལ་དོད་པ་དང་། མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་པ། རྣམ་གྲངས་སོ་སོའི་འགན་སྲུང་དམིགས་སར་འབྱོར་བ་བཅས་བྱས་ཏེ་དངོས་འཐབ་ཀྱི་ཕན་འབྲས་དང་བདེ་འཇགས་ཀྱི་མཐའ་ཐིག་གཉིས་འགན་སྲུང་ཐུབ་པ་བྱེད་དགོས།
ལུའོ་ཀྲེན་ཧྭ་ཡིས་ནན་གྱིས་བསྟན་དོན། ཁུལ་ཡོངས་སུ་བྲུག་ཆུ་རྒྱས་པའི་དུས་ཚིགས་གཙོ་བོར་སླེབས་ལ་ཉེ་བ་དང་། ཆུ་ལོག་དང་འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཐོན་སླ་བ་དང་བྲུག་འགོག་གི་གནོན་ཤུགས་མཉམ་དུ་འདྲེས་ཡོད་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ངེས་པར་དུ་མི་དམངས་བླ་ན་མེད་པ་དང་། ཚེ་སྲོག་བླ་ན་མེད་པ། བདེ་འཇགས་ཨང་དང་པོ་ཡིན་པ་བཅས་ཀྱི་འདུ་ཤེས་བརྟན་སྲུང་བྱས་ཏེ། ཚད་གཞི་མཐོ་ཤོས་དང་། བླང་བྱ་ནན་ཤོས། བྱ་ཐབས་ཏན་ཏིག་བཅས་ཀྱི་ཐོག་ནས་རྣམ་གྲངས་སོ་སོའི་དོགས་ཟོན་དང་ཁ་གཏད་འཇལ་བའི་ལས་ཀ་དམ་འཛིན་ཏན་ཏིག་བྱས་ཏེ། བྲུག་འགོག་བདེ་འཇགས་ཀྱི་གཞི་ཐིག་དམ་པོ་བསྲུངས་ནས་ནོར་འཁྲུལ་ཅི་ཡང་མི་འབྱུང་པ་བྱེད་དགོས། ཆུ་གསོག་ཚད་ནན་པོ་ཡོང་བ་བྱས་ཏེ་འགག་རྩའི་ལས་གྲྭ་གཙོ་བོ་འཛུགས་སྐྲུན་དངོས་པོ་ངེས་པར་དུ་ཆུ་གསོག་བདེ་འཇགས་འཁོར་སྐྱོད་ཀྱི་བླང་བྱ་སྐོང་དགོས་པ་དང་། ཆུ་མཛོད་མཐའ་འཁོར་དང་ལས་གྲྭའི་བདེ་འཇགས་ལྟ་ཞིབ་ཚད་ལེན་མ་ལག་ངེས་པར་དུ་ཕྱོགས་ཡོངས་ནས་གཏོང་འདྲེན་བྱེད་པ། ཆུ་གསོག་གི་མངོན་མེད་རྐྱེན་ངན་བཅོས་སྐྱོང་ཀྱི་ཕན་འབྲས་ངེས་པར་དུ་ཇུས་འགོད་དང་ཞིབ་དཔྱད་ཚད་གཞི་དང་མཐུན་པ། ཆུ་གསོག་བཀོད་གཏོང་དང་བྲུག་ཆུ་སྒྲོལ་བ། མཁོ་བསྟུན་སོགས་ཀྱི་ཇུས་གཞི་བཟོ་དགོས་པ་མ་ཟད་ཆེད་མཁས་པས་ཞིབ་དཔྱད་བྱས་པ་བརྒྱུད་ནས། མཁོ་བསྟུན་འགན་སྲུང་དཔུང་ཁག་དང་དངོས་ཟོག། འགྲིམ་འགྲུལ་སོགས་མཐའ་སྐྱོང་བྱ་ཐབས་ཚང་མ་ངེས་པར་དུ་དོན་འཁྱོལ་བྱེད་པ་ཞེས་ཆུ་གསོག་མཐའ་ཐིག་གི་བླང་བྱ་ཁག་ལྔ་བརྟན་སྲུང་བྱེད་དགོས། སྔོན་འགོག་ཚོད་འཛིན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྟ་ཞིབ་ཚད་ལེན་ལས་ཀའི་ལམ་སྲོལ་དང་། སྐོར་ཞིབ་དང་མངོན་མེད་རྐྱེན་ངན་རྒྱུན་ལྡན་ཅན་དུ་འགྱུར་བའི་མཐིལ་རྟོགས་ལམ་སྲོལ། མཉམ་གྲོས་བརྡར་གཅོད་ལམ་སྲོལ་བཅས་བཙུགས་ནས། ལས་རིམ་ཧྲིལ་པོར་སྒོ་བརྒྱབ་ནས་དོ་དམ་བྱས་ཏེ་སྔོན་འགོག་དང་འགུལ་རྣམ་དོ་དམ་ཚོད་འཛིན་ཐུབ་པར་བྱ་དགོས། ཆུ་གསོག་མཁོ་བསྟུན་སྔོན་ཇུས་དང་མཁོ་བསྟུན་འགྲིམ་འགྲུལ་སྔོན་ཇུས་འགུལ་རྣམ་ལེགས་སྒྲིག་བྱས་ཏེ། མཁོ་བསྟུན་སྔོན་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་དངོས་འཐབ་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། འཁྲབ་སྦྱོང་གི་གྲུབ་འབྲས་དེ་དངོས་འཐབ་ནུས་པར་འཕ་འགྱུར་བྱས་ནས། མཁོ་བསྟུན་ཐག་གཅོད་ཀྱི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས། རིམ་པ་ལྔའི་བྲུག་འགོག་འགན་འཁྲི་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། སྔོན་བརྡ་གནད་ལ་འཁེལ་ཚད་མཐོར་འདེགས་སུ་བཏང་ནས། ཆུ་ཚོད་24ཡི་རིང་གི་ལས་རེས་བརྟན་སྲུང་ནན་པོ་བྱས་ནས། གཟུར་གཡོལ་གསུམ་དང་འཕྲལ་མྱུར་ཕྱིར་འཐེན་གསུམ་གྱི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ། སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་། མི་ཚང་མར་བརྒྱུད་བསྒྲགས་ཐུབ་པའི་འགན་ལེན་བྱེད་དགོས།
བདེ་འཛོམས་ཀྱིས་བསྒྱུར།
康巴卫视微信公众号