ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས21ཉིན། གསར་འགོད་པས་གཉའ་ལམ་རྫོང་གི་རྒྱལ་མཚམས་ནས་ཕར་འགྲོ་ཚུར་འོང་གི་མཐའ་སྲུང་བཤེར་ཚིགས་ནས་ཤེས་གསལ་བྱུང་བ་ལྟར་ན། 2023ལོའི་ཟླ9པར་བོད་ལྗོངས་འགྲམ་འགག་སྒོ་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ་ནས་བཟུང་། བསྡོམས་པས་རྒྱལ་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་མི་ཐེངས་ཁྲི100ལས་བརྒལ་བ་རེད།
པར་འདི་ནི་ཡུལ་སྐོར་བས་འགྲམ་འགག་སྒོར་དྲན་རྟེན་མཉམ་པར་ལེན་པའི་རྣམ་པ་རེད།
ཤེས་གསལ་བྱུང་བ་ལྟར་ན། ཀྲུང་གོའི་ཨེ་ཤ་ཡ་ལྷོ་མར་ཁ་ཕྱོགས་ནས་སྒོ་ཕྱེས་པའི་སྐམ་སའི་སྒོ་མོ་གལ་ཆེན་ཞིག་ཡིན་པའི་ཆ་ནས། འགྲམ་འགག་སྒོར་སྔོན་ཆད་ཚོང་པ་མང་པོ་རུབ་འཛོམས་བྱས་ཡོད་ལ། དེ་ནི་ཀྲུང་ནེའི་དབར་གྱི་སྐམ་ཐོག་འགག་སྒོ་ཆེ་ཤོས་རེད། 2015ལོའི“4·25”ས་ཡོམ་བྱུང་རྗེས། འགྲམ་འགག་སྒོའི་རྨང་གཞིའི་སྒྲོག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་པས། གནས་སྐབས་སུ་འགག་སྒོའི་སྒོ་མི་བརྒྱབ་ཐབས་མེད་བྱུང་། ཟོག་འདྲེན་བྱེད་ནུས་སྔོན་ལ་སླར་གསོ་བྱུང་བའི་བར་བརྒལ་དུས་སྐབས་བརྒྱུད་རྗེས་འགྲམ་འགག་སྒོ2023ལོའི་ཟླ9པར་ཕྱོགས་ཡོངས་ནས་སླར་གསོ་བྱུང་བ་རེད།
སླར་གསོ་བྱུང་བའི་ཚུན་དུ་འགྲམ་འགག་སྒོའི་འགྲུལ་རྒྱུན་ཐད་སླར་གསོ་དང་འཕར་སྣོན་གྱི་རྣམ་པ་མངོན་ཡོད། གཞི་གྲངས་ལས་མངོན་པ་ལྟར་ན། ཕྱོགས་ཡོངས་ནས་སླར་གསོ་བྱུང་བའི་ལོ་དེར(2023ལོའི་ཟླ9པ་ནས་ལོ་མཇུག་བར)རྒྱལ་མཚམས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་མི་ཐེངས་ཁྲི13.3ལ་སླེབས་པ་དང་། 2024ལོར་མི་ཐེངས་ཁྲི35.8ལ་འཕར་བ། 2025ལོར་སླེབས་པའི་ཚུན་དུ་འགྲུལ་རྒྱུན་འཕར་ཚད་སྔར་ལས་ཇེ་མགྱོགས་སུ་ཕྱིན་ནས2025ལོར་མི་ཐེངས་ཁྲི42.6དཔྱད་བཤེར་བྱས་ཤིང་། མིག་སྔའི་བར་འགག་སྒོ་ཕྱོགས་ཡོངས་ནས་སླར་གསོ་བྱུང་བའི་ཚུན་བསྡོམས་པས་མི་ཐེངས་ཁྲི100ཕར་འགྲོ་ཚུར་འོང་བྱས། ས་ཡོམ་བྱུང་རྗེས་འབྲེལ་གཏུག་ཆད་པ་ནས་ཟོག་འདྲེན་ཡང་བསྐྱར་མགོ་ཚུགས་པ་དང་། ཕྱོགས་ཡོངས་ནས་སླར་གསོ་བྱུང་བ་ནས་ཁྲི་བརྒྱར་མཆོང་སྐྱོད་བྱུང་བ་སོགས་འགྲམ་འགག་སྒོར་འགྲུལ་པ་ཕར་ཚུར་འགྲོ་ཚད་ལོ་རེར་ཆ་སྙོམས20%ཙམ་འཕར་སྣོན་བྱུང་སྟེ། དངོས་ལུགས་བསྐྱར་སྐྲུན་དང་ལམ་སྲོལ་བསྐྱར་བཞེངས་གཉིས་དུས་མཉམ་དུ་སྒྲུབ་པའི་འཕེལ་རྒྱས་བགྲོད་ལམ་ཞིག་ཏུ་སྐྱོད་ཡོད།
“དེ་ནི་གྲངས་འཛིན་མཆོང་འཕར་ཁོ་ན་མིན་པར། མཐའ་མཚམས་སྒོ་འབྱེད་ཀྱི་གསོན་ཉམས་ལྡན་པའི་མཆན་འགྲེལ་ཡིན”གཉའ་ལམ་རྫོང་གི་རྒྱལ་མཚམས་ནས་ཕར་འགྲོ་ཚུར་འོང་གི་མཐའ་སྲུང་བཤེར་ཚིགས་ཀྱི་འགན་འཁུར་བས་རྒྱལ་ཁོངས་འཛུལ་བར་འཐུས་མཆན་འགོད་མི་དགོས་པ་དང་། ཕྱི་རྒྱལ་གྱི་མིས་རྒྱལ་ཁོངས་འཛུལ་བའི་བྱང་བུ་དྲ་ཐོག་ཏུ་བསྐངས་ཆོག་པ་སོགས་སྤོ་དམངས་དོ་དམ་གྱི་སྟབས་བདེའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་བསྟུན་ནས། འགྲམ་འགག་སྒོའི་རྒྱལ་སྤྱིའི་ཡིད་དབང་འགུག་ཤུགས་མངོན་གསལ་ཆེ་རུ་ཕྱིན་ཡོད་ཅིང་། མིག་སྔར་གོ་ལ་ཧྲིལ་བོའི་རྒྱལ་ཁབ་དང་ས་ཁུལ80ལྷག་གི་ཡུལ་སྐོར་བ་གནས་འདི་གར་རྒྱལ་ཁོངས་སུ་འཛུལ་བཞིན་ཡོད། །
康巴卫视微信公众号