མཚོ་སྔོན་གྱི་མཛེས་ལྗོངས་ཁུལ་འདི་རྒྱལ་ཁབ་ཀྱི་A5རིམ་པར་ཚུད་འདུག

2021-04-20
0

      གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཚྭ་ཁའི་ཆྭ་མཚོ་མཛེས་ལྗོངས་ཁུལ་གྱིས་རིག་ལྡན་ཡུལ་སྐོར་གཏོད་པ་དང་། མཛེས་ལྗོངས་ཁུལ་གྱི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བ། ཚོང་ལས་བཀོད་སྒྲིག་འཆར་འགོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། A5རིམ་པའི་མཛེས་ལྗོངས་ཁུལ་གྱི་གྲས་སུ་ཚུད་ཐུབ་པ་བྱ་རྒྱུ་རེད། ཚྭ་ཁ་ཚྭ་མཚོ་ནི་མཚོ་སྔོན་ཞིང་ཆེན་གྱི་དྲ་གྲགས་མཛེས་ལྗོངས་ཁུལ་ཡིན་པའི་ཆ་ནས། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་རིང་། ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་སྤྱི་ལོ་2015ལོའི་མི་ཐེངས་ཁྲི་110ནས་སྤྱི་ལོ་2019ལོའི་མི་ཐེངས་ཁྲི་320བར་འཕར་སྣོན་བྱུང་ལ། མཛེས་ལྗོངས་ཁུལ་དེར་སྔ་གཞུག་ཏུ་ངོ་མཚར་ཆེ་བའི་ནུབ་བྱང་གི་ལྗོངས་ཁུལ་100དང་། ཀྲུང་གོའི་ཤུགས་རྐྱེན་ཆེས་ཆེར་ལྡན་པའི་ལྗོངས་ཁུལ། རྒྱལ་ཡོངས་ཀྱི་རིག་ལྡན་མཛེས་ལྗོངས་ཁུལ་གྲགས་ཅན་བརྒྱ་སོགས་ཀྱི་མཚན་སྙན་ཐོབ་ཡོད།

       སྤྱི་ལོ་2020ལོར། ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱི་ལྗོངས་རྒྱུ་ལ་རིགས་གཅིག་མཁས་པས་དཔྱད་ཞིབ་བྱས་པ་བརྒྱུད། རྒྱལ་ཡོངས་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་ཞིབ་དཔྱད་གཏན་འཁེལ་ཨུ་ལྷན་གྱིས་A5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་གཏོད་རྒྱུའི་སྤུས་ཚད་ལ་སླེབས་པ་ཁས་ལེན་གནང་བར་བརྟེན། A5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་མིང་ཐོའི་ནང་ཚུད་འདུག་ལ། མིག་སྔར། ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱིས་ལས་དོན་ཇུས་གཞི་དང་འཆར་འགོད་བཟོས་ནས་ལས་འགན་སྒྲུབ་འགོ་བརྩམས་ཡོད་པ་རེད། 

       ད་ལོ། ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱིས་མིའི་བློ་ཁ་དང་མཐུན་པའི་ཞབས་ཞུའི་ནུས་པ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ། ཚོང་ལས་བཀོད་སྒྲིག་ཡང་བསྐྱར་འཆར་འགོད་བྱས་པ་དང་། མཚོན་རྟགས་མིང་བྱང་ཁ་གསབ་དང་འཐུས་ཚང་དུ་བཏང་བ་དེས་མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་མུ་མཐུད་མཐོ་རུ་འགྲོ་བ་དང་། ཡུལ་སྐོར་ཁོར་ཡུག་སྔར་བས་མཇེས་སྡུག་ལྡན་པར་འགྱུར་རྒྱུ་རེད།  རིག་ལྡན་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུའི་ཐད། དྲ་སྦྲེལ་+ཡུལ་སྐོར། 5G+ཡུལ་སྐོར་གྱི་གོང་འཕེལ་རྣམ་པ་དང་ཟུང་འབྲེལ་བྱས་ཏེ། ལྗོངས་ཁུལ་གྱི་རིག་ལྡན་འཁོར་སྐྱོད་སྔར་བས་རིམ་སྤར་བྱེད་པ་དང་། ཡུལ་སྐོར་བའི་ལྟ་ཞིབ་ཉམས་ལེན་མུ་མཐུད་ཆེ་རུ་གཏོང་བ། ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་དེ་ཉིད་རྒྱལ་ནང་གི་རིག་ལྡན་ཡུལ་སྐོར་གྱི་དཔེ་སྟོན་མཛེས་ལྗོངས་ཁུལ་ཏུ་བསྐྲུན་རྒྱུའི་ཐད་བརྩོན་ལེན་བྱ་འཆར་འདུག 

       གཞན་ད་དུང་ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱིས་དྲ་ཐོག་དང་དྲ་འོག་ནས་བྲིན་ཚོང་བྱེད་སྟངས་དྲིལ་བསྒྲགས་བྱེད་པ་དང་། ལྗོངས་ཁུལ་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཡུལ་སྐོར་བ་ཡིད་འགུག་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་ཚྭ་ཁའི་ཚྭ་མཚོ་མཛེས་ལྗོངས་ཁུལ་གྱི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་རབ་དང་རིམ་པ་བཏོན་ཏེ། ལྗོངས་ཁུལ་གྱི་ཚོང་ཟོག་གི་སྣ་ཁ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད། 


  • 顶 0