བོད་ཀྱི་ནང་འབབ་ཆུ་བོ་ཁག

2020-05-26
0

ནང་འབབ་ཆུ་བོ་ནི་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དབྱེ་མཚམས་ཀྱི་ནུབ་ངོས་དང་། གངས་རིན་པོ་ཆེ། གཉན་ཆེན་ཐང་ལྷའི་བྱང་རྒྱུད། ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དབྱེ་མཚམས། གཞན་ཡང་རི་བོ་ཧི་མ་ལ་ཡའི་བྱང་རྒྱུད་བཅས་ཀྱི་ས་གནས་ཁག་ནས་རྒྱུག་བཞིན་ཡོད། བོད་ཀྱི་ལྷོ་བྱང་གཉིས་ནས་རྒྱུག་པའི་ནང་འབབ་ཆུ་བོ་མང་ཆེ་བ་སྐམ་སའི་ཐོག་གི་མཚོ་དང་མཚེའུ་ཁག་ལ་འབབ་པའི་ཆུ་བོ་ཤ་སྟག་ཡིན་ཞིང་། ཆུ་བོ་དེ་དག་གི་ཁྲོད་ནས་ལོ་འཁོར་མར་བཞུར་རྒྱུན་མི་ཆད་པའི་གཙང་པོ་ཆུ་རྩ་བཟང་བ་འགའ་ཤས་ཕུད་ཕལ་ཆེ་བ་ནམ་དུས་ལ་གཞིགས་ནས་འཕེལ་འགྲིབ་ཡོང་བ་ཤ་སྟག་ཡིན། བོད་ཀྱི་བྱང་རྒྱུད་དུ་ནང་འབབ་ཆུ་བོ་ཆེ་ཤོས་ཀྱི་གྲས་སུ་སེར་གླིང་མཚོར་འབབ་པའི་རྩ་སྐྱ་གཙང་པོ་དང།སྔོ་མཚོར་འབབ་པའི་གཡུ་འབྲུག་གཙང་པོ། གཡི་སྦུག་ཚྭ་ཁར་འབབ་པའི་སྐྱ་རུབ་གཙང་པོ། བཀྲ་རི་གནམ་མཚོར་འབབ་པའི་མཚོ་ལ་གཙང་པོ།ངང་ལ་རིང་མཚོར་འབབ་པའི་ཝ་མོ་གཙང་པོ་སོགས་ཡོད། དེ་ཁྲོད་གདང་ལའི་ལྷོ་ཕྱོགས་ཨ་མདོ་རྫོང་ཁོངས་ནས་རྒྱུག་པའི་རྩ་སྐྱ་གཙང་པོའི་ཆུ་རྒྱུན་རིང་ཤོས་ཡིན་པས་དེའི་རིང་ཚད་ལ་སྤྱི་ལེ་བཞི་བརྒྱ་བཅུ་མེད་དགུ་ཡོད། བོད་ལྷོ་ཕྱོགས་ཀྱི་ནང་འབབ་ཆུ་བོ་ཆེ་ཤོས་ནི་ཡར་འབྲོག་གཡུ་མཚོར་འབབ་པའི་ཁ་འཐུང་སྐྱ་ཆུ་ཞེས་པ་རིང་ཚད་སྤྱི་ལེ་བདུན་ཅུ་དོན་གསུམ་ཡོད་པ་དེ་ཡིན། དེའི་འོག་ཏུ་བོད་ཀྱི་ལྷོ་ནུབ་ཁུལ་གྱི་མ་ཕམ་གཡུ་མཚོར་འབབ་ཅིང་། རིང་ཚད་སྤྱི་ལེ་བདུན་ཅུ་དོན་གཅིག་ཡོད་པའི་བྲག་གཙང་པོ་ཞེས་པ་དེ་ཡིན།

  • 顶 0