“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རྩ་དོན་ལ་གཏན་ནས་འགྲན་སློང་མི་རུང་།

2019-12-06
0

མི་དམངས་དྲ་བའི་འཕྲིན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ལག་བསྟར་བྱེད་པ་དང་། ཤང་ཀང་དུས་ཡུན་རིང་པོར་དར་རྒྱས་བརྟན་བརླིང་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཕུགས་འདུན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བའང་ཡིན་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱའང་རེད། 
    པ་ཞི་ལི་ཡ་རུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་མཇལ་འཛོམས་ཐེངས་བཅུ་གཅིག་པའི་སྐབས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིག་སྔའི་ཤང་ཀང་གི་གནས་བབ་ཐད་གསུངས་བཤད་གལ་ཆེན་གནང་བ་སྟེ། དྲག་ཤུགས་ཉེས་གསོག་བྱ་སྤྱོད་ཀྱིས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་རྩ་དོན་གྱི་མཐའ་ཚད་ལ་འགྲན་སློང་ཚབས་ཆེན་བྱས་ཡོད་པ་དང་།  ང་ཚོས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་རྩ་དོན་ལ་འགྲན་སློང་བྱེད་པའི་བྱ་སྤྱོད་གང་ཡང་གུ་ཡངས་གཏོང་རྒྱུ་མིན་ལ། མངོན་སུམ་འཛེམ་མེད་ཀྱིས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་རྩ་དོན་གྱི་མཐའ་ཚད་ལ་འགྲན་སློང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་མཐའ་གཅིག་ཏུ་བཅའ་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པ་བསྟན། 
    ཟླ་བ་ལྔ་ཡི་རིང་ལ། ངོ་རྒོལ་ཕྱོགས་ཁག་གི་མགོ་སྐོར་བསླུ་བྲིད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཇུས་གཏོགས་བྱས་འོག ཤང་ཀང་དུ་རྒྱུན་ཆད་མེད་པར་སྲང་ལམ་གྱི་དྲག་སྤྱོད་བྱ་འགུལ་བྱུང་བཞིན་ཡོད། མི་ལ་ལས་ཐ་ན་མངོན་སུམ་འཛེམ་མེད་ཀྱིས་“ཤང་ཀང་རང་བཙན”གྱི་འུད་སྒྲོག་ཅིང་། “ཤང་ཀང་སླར་གསོ་དང་། དུས་རབས་གསར་བརྗེ”ཡི་འབོད་ཚིག་བསྒྲགས་ནས། གང་འདོད་ཀྱིས་རྒྱལ་དར་དང་རྒྱལ་རྟགས། ཁུལ་རྟགས་བཅས་ལ་དམའ་འབེབས་བཏང་ཞིང་། ཤང་ཀང་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་ལས་ཁུངས་དང་ཁྲིམས་འཛུགས་ལྷན་ཚོགས། སྲིད་གཞུང་སྤྱི་ཁྱབ་པུའུ་བཅས་ཀྱི་མཐའ་ནས་སྐོར་བ་དང་རྡུང་རྡེག་བཏང་བ་དང་། ཤང་ཀང་རྙོག་འཛིང་དང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་བྱེད་ནུས་ཉམས་བཅུག་ནས། དམིགས་བསལ་སྲིད་འཛིན་ཁུལ་གྱི་དོ་དམ་བཅོས་སྐྱོང་གི་དབང་ཆ་འཕྲོག་རྒྱུ་དང་། ཤང་ཀང་རང་ཚུགས་དང་ཡང་ན་ཕྱེད་རང་ཚུགས་ཀྱི་ཆབ་སྲིད་ཀྱི་དངོས་གཞི་ཞིག་ལ་འགྱུར་བཅུག་ནས། ཆེས་མཐའ་མར་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མིང་ཡོད་དོན་མེད་དུ་འགྱུར་འཇུག་རྒྱུ་དམིགས་ཡུལ་བྱས་ཡོད། དེ་རིང་། ང་ཚོའི་མདུན་དུ་ཡོད་པ་ནི་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”སྲུང་སྐྱོང་དང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”གཏོར་བརླག་གཏོང་བའི་བར་གྱི་འཐབ་རྩོད་ཡིན་པ་དང་། འདི་འདྲའི་རྒྱལ་ཁབ་ཀྱི་བདག་དབང་དང་ཤང་ཀང་གི་མདུན་ལམ་དང་འབྲེལ་བ་གལ་ཆེན་ཡོད་པའི་གནད་དོན་ཐད་བར་རྒྱུད་གང་ཡང་མེད་ལ།  འོས་མེད་འགྲིག་ཐབས་བྱེད་ས་ཅུང་ཙམ་ཡང་མེད། 
    “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པ་དང་། ཀྲུང་དབྱང་གི་ཕྱོགས་ནས་བཤད་ན་རྒྱལ་སྲིད་སྐྱོང་ལུགས་ཀྱི་སྦྱོང་ཚན་གལ་ཆེན་ཞིག་ཡིན་ལ། ཤང་ཀང་དང་ཤང་ཀང་གི་སྤུན་ཟླའི་ཐད་ནས་བཤད་ན་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་རེད། དོན་དངོས་ཀྱི་བདེན་དཔང་ལས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལོ་རྒྱུས་ཀྱི་ཤུལ་དུ་ལུས་པའི་ཤང་ཀང་གི་གནད་དོན་ཐག་གཅོད་པའི་ཇུས་གཞི་ལེགས་ཤོས་དང་། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་རྗེས་དུས་ཡུན་རིང་པོར་དར་རྒྱས་བརྟན་བརླིང་རྒྱུན་འཁྱོངས་ཡོང་བའི་ལམ་ལུགས་ཡག་ཤོས་ཡིན་ལ། ལག་ལེན་ཐུབ་ལ་སྒྲུབ་ཐུབ་པ། མི་སེམས་ཡང་འགུག་ཐུབ་ཡོད། དུས་མཚུངས་སུ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ལམ་ལུགས་ཐད་ཀྱི་གསར་གཏོད་ཅིག་ཡིན་པའི་ཆ་ནས། གསར་དུ་བྱུང་བའི་བྱ་དངོས་གཞན་ཚང་མ་དང་འདྲ་བར། ལག་ལེན་ཁྲོད་ཉམས་སད་ཐེག་དགོས་ཤིང་མུ་མཐུད་དུ་འཐུས་ཚང་གཏོང་དགོས། ཐེངས་འདིའི་ཟིང་འཁྲུག་ལས་ཤང་ཀང་གི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་སོགས་ཀྱི་ཐད་གནས་པའི་འགལ་བ་དང་གནད་དོན་གཏིང་ཟབ་མོ་མངོན་ཡོད་ལ། ཤང་ཀང་བཅོས་སྐྱོང་ལམ་ལུགས་འཐུས་ཚང་བཟོ་བའི་དགོས་ངེས་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་གསལ་པོར་མངོན་ཡོད། ཁྱོན་ཡོངས་ནས་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།  “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ལག་ལེན་ཁྲོད་མུ་མཐུད་དུ་འཐུས་ཚང་གཏོང་བ་ནི་ཆབ་སྲིད་ལམ་ལུགས་འཕེལ་རྒྱས་སུ་འགྲོ་བའི་སྤྱིར་བཏང་གི་ཆོས་ཉིད་དང་མཐུན་པ་མ་ཟད། ད་དུང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་གྲུ་གཟིངས་བརྟན་ཞིང་ཐག་རིང་དུ་བསྐྱོད་པ་ལའང་ཕན་ཐོགས་ཡོད། 

  • 顶 0