ཇོ་མོ་གླང་མ།

2018-11-07

 

   གངས་རྒྱལ་མོ་མཐོན་མཐིང་ངམ་ཡོངས་གྲགས་སུ་ཇོ་མོ་གླང་མར་འབོད་པ་འདི་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་ཤིང་། མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་རྨིད་8844.43ཡོད་པ་དང་། འཛམ་གླིང་སྟེང་གི་ཆེས་མཐོ་བའི་རི་བོ་ཡིན།

  ​ངོ་སྤྲོད།

  གངས་རྒྱལ་མོ་མཐོན་མཐིང་ངམ་ཡོངས་གྲགས་སུ་ཇོ་མོ་གླང་མར་འབོད་པ་འདི་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་ཆགས་ཤིང་།  མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་རྨིད་8844.43ཡོད་པ་དང་།   འཛམ་གླིང་སྟེང་གི་ཆེས་མཐོ་བའི་རི་བོ་ཡིན།

  ཇོ་མོ་གླང་མར་འབོད་པ་ནི་ཇོ་མོ་ལྷ་ལྔ་མ་ཞེས་འབོད་པའི་བོད་སྐད་ཀྱི་སྒྲ་དེ་ཟུར་ཆགས་ནས་ཇོ་མོ་གླང་མར་འགྱུར་བ་དང་།  རི་འདིའི་ཕྱི་དབྱིབས་གངས་རི་རྩེ་ལྔ་ཡོད་པ་ལ་དབུས་སུ་ཇོ་མོ་ཚེ་རིང་མཆེད་ལྔའི་ནང་ཚན་བཀྲ་ཤིས་ཚེ་རིང་མ་དང་།   མཐའ་བསྐོར་དུ་རིམ་བཞིན་ཇོ་མོ་མཐིང་གི་ཞལ་བཟང་མ་དང་།   མི་གཡོ་བློ་བཟང་མ།   ཅོད་པན་མགྲིན་བཟང་མ།  གཏད་དཀར་འགྲོ་བཟང་མ་བཅས་ཀྱི་གནས་ཡིན་པར་གྲགས་པ་དང་།   གངས་རི་རང་བྱུང་གི་མཆོད་རྟེན་དབྱིབས་ཅན་དུ་ཡོད་ཅིང་།    རི་ངོས་གཡང་གཟར་ཆེ་ཞིང་ཁོར་ཡུག་ཧ་ཅང་རྙོག་འཛིང་ཆེ།  གངས་རི་འདི་རྒྱ་མཚོ་ངོས་ལས་ཤིན་ཏུ་མཐོ་བས་ལོ་མང་བོར་བསགས་པའི་ཁ་བས་གཡོགས་ཤིང་འཁྱགས་རོམ་སྣ་ཚོགས་གང་སར་མཐོང་ཐུབ་པ་དང་།  རི་རྩེའི་མཁའ་དབུགས་རྒྱུན་ལྡན་མིན་པས་དུས་རྒྱུན་དུ་ཚད་རིམ་བདུན་ནས་བརྒྱད་བར་གྱི་རླུང་ཆེན་གཡུགས་ཤིང་།  ཚད་རིམ་བཅུ་གཉིས་ཅན་གྱི་རླུང་ཆེན་ཡང་གཡུགས་པ་རེད།

  དེས་ན་འཛམ་གླིང་གི་རི་བོའི་ཡང་རྩེར་གྱུར་པའི་ཇོ་མོ་གངས་དཀར་འདི་ནི་ཇི་ལྟར་གྲུབ་པ་ཡིན་ནམ་ཞེ་ན།   དེ་ནི་ལོ་དུང་ཕྱུར་མང་བོའི་སྔ་རོལ་དུ་ཇོ་མོ་གངས་དཀར་དང་ཧི་མ་ལ་ཡའི་རི་རྒྱུད་ཆགས་ས་འདི་ནི་ཆུ་གཏེར་ཆེན་པོ་ཞིག་སྟེ།   དུས་ཡུན་རིང་བོའི་ས་གཤིས་འཕེལ་འགྱུར་ཁྲོད་རྡོ་ཧྲུག་དང་བྱེ་འདམ་མང་བོ་འདི་གར་བསགས་ཤིང་རིམ་གྱིས་མཐུག་ཚད་ལ་རྨིད་ཁྲི3ལྷག་ཡོད་པའི་སྙིགས་བསགས་བྲག་རིམ་ཆགས་ཤིང་།  རྗེས་སུ་རི་བསྐྲུན་འགུལ་སྐྱོད་དྲག་པོའི་ཁྲོད་སྙིགས་བསགས་བྲག་རིམ་འདི་དག་བཙིར་གནོན་ཤུགས་ཆེན་ཐེབས་པས་གློ་བུར་དུ་འབུར་དུ་ཐོན་པ་དང་།  འབུར་དུ་ཐོན་པའི་འགྲོས་དལ་ན་ཡང་ཡུན་རིང་གི་ལོ་ཟླའི་ཁྲོད་ད་གཟོད་བརྗིད་ཆགས་པའི་ཧི་མ་ལ་ཡའི་རི་རྒྱུད་དང་ཇོ་མ་གླང་མ་གྲུབ་པ་རེད།

  1953ལོར་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་རིར་འཛེག་པ་དགུང་ལོ34སོན་པའི་ཨད་ཏིག་མན་ཞི་ལ་ལེས་ཆེས་ཐོག་མར་ཇོ་མོ་གླང་མའི་རྩེ་མོར་འགོས་ཤིང་དེ་ནི་གངས་ཆེན་པོ་འདིའི་རྩེ་མོར་སོན་པའི་ཉེན་བརྟག་པ་དང་པོར་གྱུར།    དེའི་རྗེས་སུ་ཇོ་མོ་གངས་དཀར་ནི་རིར་འཛེག་པ་མང་བོའི་དམིགས་ཡུལ་དུ་གྱུར་ཅིང་།   རང་ཉིད་ལ་འགྲན་སློང་མཐར་སོན་བྱེད་པའི་མཚོན་རྟགས་སུ་ལྟ་བ་རེད།  ཀྲུང་གོ་གསར་བ་དབུ་བརྙེས་རྗེས།   རང་རྒྱལ་གྱིས་མུ་མཐུད་དུ་ཉེན་བརྟག་པ་དང་ཚན་རིག་རྟོག་ཞིབ་རུ་ཁག་རྩ་འཛུགས་བྱས་ཏེ་ཇོ་མོ་གླང་མའི་རྩེ་རུ་ལན་མང་འགོས།  2008ལོར་ཨོ་ལན་ཕིག་གི་དཔལ་འབར་ཡང་ཆེས་ཐོག་མར་འཛམ་གླིང་གི་ཆེས་མཐོ་བའི་རི་བོ་འདིའི་སྟེང་དུ་སྒྲོན་པ་རེད།

<