མཛོད་དགེ་རྩྭ་ཐང་ཆེན་མོ།

2018-10-10
0

 

   མཛོད་དགེ་རྩྭ་ཐང་ཆེན་མོ་ནི་སི་ཁྲོན་ནུབ་བྱང་ས་མཚམས་སུ་གཡུ་ཡི་ཞུན་མ་བྱུགས་པའི་སྔོ་ལྗང་གི་གོས་གདན་ཆེན་པོ་ཞིག་བཏིང་བ་དང་འདྲ་ལ། སི་ཁྲོན་ནུབ་བྱང་མཐོ་སྒང་གི་ལྗང་གླིང་ཞེས་པའི་མཚན་སྙན་ཡང་ཡོད། དེ་ནི་རང་རྒྱལ་གྱི་བརླན་ས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན། མདོ་དབུས་མཐོ་སྒང་གི་ཤར་ཕྱོགས་ཀྱི་ཐུན་མིན་གྱི་ས་ཁོངས་ཤིག་ཀྱང་ཡིན། 

   ​ས་ཁམས་རགས་བཤད།

  དེ་ཡི་མཚོ་ངོས་ལས་མཐོ་ཚད་ལ་སྨི3300ནས་བར3600བར་ཡོད་ལ། སྐ་ཆུ་དང་རྨེ་ཆུ། རེ་ཆུ་སོགས་ལྷོ་ཕྱོགས་ནས་བཞུར་སྟེ་རྨ་ཆུ་ལ་འདྲེས་ཡོད། བྱང་ཕྱོགས་དང་ཤར་ལྷོ་ལ་རི་ཚོགས་ཕྲེང་ཐག་ལ་བརྒྱུས་པའི་ཕྲེང་རྡོག་རི་བོ་ཆེ་ཆུང་བགྲང་ལས་འདས་པ་བསྟར་ཕྲེང་བསྒྲིགས་ཡོད། གནམ་གཤིས་གྲང་ངར་ཆེ་སྟེ་ལོ་རེའི་ཆ་སྙོམས་དྲོད་ཚད0℃-2℃ཡས་མས་ཡིན། ལོ་རེར་ཆར་བ་འབབ་ཚད་ཧའོ་སྨི600ནས700བར་ཡིན། ན་འདམ་ཤིན་ཏུ་མང་བས་དུས་ཡུན་རིང་བོར་རྩྭ་ཐང་ཆེན་མོ་ཆུ་ཡིས་བརླན་ནས་ཡོད། མཛོད་དགེ་རྩྭ་ཐང་ཆེན་མོ་ལ་ན་འདམ་མང་ལ་རྒྱ་ཁྱོན་ཆེ་བ། ན་འདམ་གཏིང་ཟབ་པ་བཅས་ཁྱད་ཆོས་གསུམ་ལྡན་ཡོད།

   སྐྱེ་དངོས་ཐོན་ཁུངས།

  མཛོད་དགེ་རྩྭ་ཐང་ཆེན་མོར་རྩི་ཤིང་རིགས་ཤིན་ཏུ་མང་ལ། དངོས་པོའང་ཕུན་སུམ་ཚོགས་པ་ཡོད་དེ། རྒྱལ་ཁབ་ཀྱི་བརླན་ས་སྲུང་སྐྱོང་ཁུལ་དང་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ། ཤྭ་བ་ཁྲ་རིས་སྲུང་སྐྱོང་ཁུལ་བཅས་ཡོད། རྩྭ་ཐང་གི་རི་སྤྱང་དང་ཁྲུང་ཁྲུང་སྐེ་ནག ངང་དཀར། ཤྭ་བ། དོམ་སོགས་འདབ་ཆགས་དང་རི་དྭགས་ཤིན་ཏུ་མང་བ་རེད།

    འཚོ་སྐྱོང་ཞིང་མཆོག

  མཛོད་དགེ་རྩྭ་ཐང་ཆེན་མོའི་ངོས་སྙོམས་ལ་ཡངས་ཤིང་མཐའ་ཡས་པས། རྨ་ཆུ་སྟོད་རྒྱུད་ཀྱི་ཡན་ལག་ཆུ་བོ་རྨེ་ཆུ་དང་སྐ་ཆུ། རེ་ཆུ་སོགས་འདྲེས་ས་ཡིན་པས། ཆུའི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་ཤིང་རྩྭ་ཆུ་གཉིས་འཛོམས་ཡིན་པས། རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་པའི་གནས་མཆོག་ཅིག་ཡིན། རང་བྱུང་རྩྭ་ས་མུའུ་ཁྲི1212ཡོད། གོ་ཆོད་པའི་རྩྭ་ས་མུའུ་ཁྲི978ཡོད། དེ་ནི་རྒྱལ་ཡོངས་ཀྱི་རྩྭ་ཐང་འབྲོག་ཁུལ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་ལ། ཡ་གླིང་གི་ཆེས་ཕུལ་དུ་བྱུང་བའི་རང་བྱུང་འབྲོག་ཐང་གཅིག་པུའང་ཡིན།

   གཏེར་དངོས།

  མཛོད་དགེ་རྩྭ་ཐང་ཆེན་མོར་གླ་རྩི་དང་དབྱར་རྩྭ་དགུན་འབུ། པེ་མོ། གངས་རྒྱན་མེ་ཏོག་སོགས་མིང་གྲགས་ཆེ་བའི་རྩྭ་སྨན་ཡོད་ལ། རྡོ་སོལ་དང་ལྕགས། ཟངས། གསེར་སོགས་གཏེར་དངོས་རིགས30ལྷག་ཡོད།

   ལྗོངས་སྐོར་ཁྱད་ཆོས།

  མཛོད་དགེ་རྩྭ་ཐང་ཆེན་མོ་བལྟས་ན་མཐའ་ཡས་ཤིང་གནམ་ས་ལྷན་དུ་འབྲེལ་འདུག་པའི་ཚོར་སྣང་སྟེར་ལ། མི་རིགས་རིག་གནས་ཀྱི་ཉིང་བཅུད་ལོངས་སུ་སྤྱོད་ཆོག ལྗོངས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཏེ་རྨ་ཁུག་དང་བོ་དང་གཟའ་རུ་སྒོ་མོ་ཐང་། མཚོ་ཁྲ། སྟག་ཚང་ལྷ་མོའི་གནས་ཕུག དཔལ་སྐྱིད་གྲོས་ཚོགས་རྗེས་ཤུལ་སོགས་ཡིད་དུ་འོང་བའི་མཛེས་ལྗོངས་ཡོད།

  དཔྱད་གཞིའི་ཡིག་ཆ།

  • 顶 0