ཉི་ཟླ་ཉག་ཁ།

2018-10-10
0

 

   ཉི་ཟླ་ཉག་ཁ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རིག་སྨོན་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་གྱི་མཚམས་ཏེ། གསེར་ཆེན་རྫོང་དང་སྟོང་འཁོར་རྫོང་གཉི་གའི་ས་མཚམས་ན་ཡོད། འདིའི་ས་བབ་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3520ཡོད། 

  ངོ་སྤྲོད།

  ཉི་ཟླ་ཉག་ཁ་ནི་རིག་སྨོན་གྲོང་རྡལ་སྲིད་གཞུང་གི་བྱང་ཤར་གྱི་མཚམས་ཏེ། གསེར་ཆེན་རྫོང་དང་སྟོང་འཁོར་རྫོང་གཉི་གའི་ས་མཚམས་ན་ཡོད། འདིའི་ས་བབ་ཀྱི་མཐོ་ཚད་ལ་མཚོ་ངོས་ལ་སྨི3520ཡོད། འདིའི་མིང་གི་ཐོགས་ཚུལ་ནི་མངའ་བདག་ཁྲི་རལ་གྱི་སྐུ་དུས་སུ། རྒྱ་བོད་བར་དུ་སྔ་ཕྱིར་མཇལ་དུམ་ཐེངས་འགའ་མཛད་པའི་ལོ་རྒྱུས་དང་འབྲེལ་ཡོད་དེ། དེའི་ཐད་ནས《ལྡེའུ་ཆོས་འབྱུང》ལས“ཁམས་ཀྱི་གཡེར་མོ་ཐང་དུ་རྡོ་ལ་ཉི་ཟླའི་གཟུགས་བྲིས་ནས་ཐང་གཙིགས་མཛད”ཅེས་བསྟན་པའི་གཡེར་མོ་ཐང་ཟེར་བ་དེ་ནི། ད་ལྟའི་མཚོ་སྔོན་པོའི་ལྷོ་ནུབ་འགྲམ་རྒྱུད་ཀྱི་ཐང་གཞོངས་ཀྱི་ཕྱོགས་འདི་ཡིན་ལ། སྐབས་དེར་རྡོ་ལ་ཉི་ཟླའི་གཟུགས་རིས་འབྲི་སའང་དེང་སང་གི་ཉི་ཟླ་ཉག་ཁ་འདི་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས། འདི་ལ་རྡོ་ཉི་ཟླའང་ཟེར།

    ངག་རྒྱུན།

  ངག་རྒྱུན་དང་པོ། རྒྱ་བཟའ་ཀོང་ཇོ་བོད་ལ་ཆས་ཁར། ཡབ་ཡུམ་གཉི་གས་ཆེད་དུ་ཉི་ཟླ་ཟུང་གིས་ཕ་མའི་བརྩེ་སེམས་མཚོན་བྱེད་དུ་གསེར་བཟང་ལས་བྱས་པའི་མེ་ལོང་རེ་ཁོ་མོར་དྲན་རྟེན་དུ་གནངས། བློན་པོ་མགར་གྱིས་སེམས་ལ་བློ་ཐབས་ཤིག་གིས་ཀོང་ཇོ་ཁོ་མོའི་ཕ་མར་ཡིད་ཆད་དུ་མ་བཅུག་ན་བོད་ལ་བསུ་དཀའོ་སྙམ་ནས། ཁོས་ལྐོག་ཏུ་རྡོའི་ཉི་ཟླའི་མེ་ལོང་རྫུན་མ་གཉིས་བཟོ་རུ་བཅུག་སྟེ། དེ་ལ་གསེར་དངུལ་གྱི་ཚོས་བརྒྱབ་ནས་ཀོ་རློན་གྱིས་བཏུམས་ཏེ་ངོ་མའི་ཚབ་ཏུ་བཞག ཀོང་ཇོ་འཁོར་དང་བཅས་པ་དེང་སང་གི་ཉི་ཟླ་ཉག་ཁའི་ཁར་བུད་སྐབས། ཀོང་ཇོས་ཕ་མ་གཉིས་དྲན་ནས་ཕ་མས་གནངས་པའི་མེ་ལོང་ལ་ལྟ་དུས། དེ་ནི་རྡོ་ལེབ་གོར་མོ་གཉིས་སུ་འདུག་པ་མཐོང་བས་ན། ཁོ་མོ་ཞལ་སྐྱེངས་ཤིང་ཐུགས་ཁྲོས་ནས་དེ་གཉི་ག་ཉི་ཟླ་ཉག་ཁའི་གཞོགས་གཉིས་སུ་འགྲིལ་ཅིང་། ཀོང་ཇོས་དེར་གཟིགས་ནས་ཉི་ཟླ་གཉི་ག་ལྷན་དུ་མ་འཛོམས་བར་དུ་ང་རང་ཕ་ཡུལ་དུ་མི་ལོག་ཅེས་པའི་ཞལ་མནའ་བོར་བར་གྲགས་པས། མིང་ཡང་ཉི་ཟླ་ཉག་ཁ་རུ་ཐོགས་པར་བཤད་དོ། །

  ངག་རྒྱུན་གཉིས་པ། བོད་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་བོད་མཛངས་མི་མི་བདུན་གྱི་ཡ་གྱལ། བློན་ཆེན་མགར་སྟོང་བཙན་ཡུལ་སྲུང་གིས་རྒྱལ་པོའི་བཀའ་སྤྱི་བོའི་གཙུག་ཏུ་ཁུར་ནས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་གཉེན་སློང་དུ་ཕྱིན་ཏེ་གོང་མའི་སྲས་མོ་རྒྱ་བཟའ་ཀོང་ཇོ་ཐབས་ཀྱིས་བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་གདན་དྲངས། ཀོང་ཇོ་བོད་དུ་ཕེབས་ཁར། རྒྱ་ནག་རྒྱལ་པོ་ཡབ་ཡུམ་གཉིས་ཀྱིས་རང་གི་གཅེས་ཕྲུག་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟ་བུ་དེར་འབྲལ་མི་ཕོད་ཀྱང་བོད་ཀྱི་རྒྱལ་བློན་སྤྱི་དང་སྒོས་སུ་བློན་པོ་མགར་ལ་ཚིག་ཤོར་བའི་རྐྱེན་གྱིས་མི་འབྲལ་ཐབས་མེད་བྱུང་བས། རྒྱལ་པོས་མཛོད་ནས་གསེར་སྲང་མང་པོ་བླངས་ནས་མེ་ལོང་ཞིག་བརྡུངས་ཏེ་ཀོང་ཇོ་ལ་གནང་ཞིང་། ཡུལ་དང་ཕ་མ་དྲན་དུས་མེ་ལོང་དེར་གཟིགས་ན་ཡུལ་དང་ཕ་མའི་གནས་ཚུལ་གསལ་བོར་མཐོང་ཐུབ་པ་ཞིག་ཏུ་བྱིན་གྱིས་བརླབས་ཡོད་ཅེས་བསྒོས་པས། རྒྱ་བཟང་ཀོང་ཇོས་མེ་ལོང་དེ་བསྣམས་ཏེ་འབངས་འཁོར་དང་བཅས་པ་བོད་ཡུལ་དུ་ཕེབས་པའི་ལམ་དུ་ཆས་ནའང་། བློན་པོ་མགར་ཁོང་ཉིད་རིག་པ་ཡོད་ཆེ་སྟབས་རྒྱ་ནག་རྒྱལ་པོས་སྲས་མོ་གཞན་ཞིག་གི་མག་པར་འཇོག་འདོད་ནས་བཙོན་དུ་བཀག་ཀྱང་། ཁོང་གིས་སླར་ཡང་བློ་རིག་སྤྱང་གྲུང་ལྡན་པའི་ཐབས་བཀོད་སྣ་ཚོགས་ལ་བརྟེན་ནས་བྲོས་ཤོར་བྱུང་སྟེ། ཨ་མ་ཟོ་དགུའི་འདབས་རོལ་ནས་རྒྱ་བཟའ་ཀོང་ཇོ་འཁོར་དང་བཅས་པའི་རྗེས་ཆོད་དེ། གནས་དེར་ཉིན་ཞག་འགར་ངལ་གསོ་གནང་རྗེས་སླར་ཡང་ལམ་དུ་ཆས་དུས་ཀོང་ཇོ་ཡུལ་དང་ཕ་མ་དྲན་པའི་དྲན་གདུང་གིས་གཟེར་ཏེ་མེ་ལོང་དུ་གཟིགས་པ་དང་། དེར་རྒྱལ་ས་ཁྲང་ཨན་དང་ཡབ་ཡུམ་འཁོར་འབངས་ཀྱི་གནས་ཚུལ་གསལ་བོར་མཐོང་བས། དྲན་པ་ལྷག་ཏུ་འཕེལ་ནས་ཉིན་ཞག་ཁ་ཤས་ལ་བསྟུད་མར་གཟིགས་ཤིང་ཟས་སྐོམ་ཅི་ཡང་མི་འདོད་པར་གྱུར་སྟབས། བློན་པོ་མགར་གྱིས་ཐབས་བཀོད་ཅིག་མ་འཐེན་ན་ཀོང་ཇོ་བོད་ཡུལ་དུ་གདན་འདྲེན་དཀའ་བར་དགོངས་ནས་ཀོང་ཇོ་གཉིད་པའི་སྐབས་དང་བསྟུན་ནས་གསེར་གྱི་མེ་ལོང་དེ་རྡོ་ལ་གསེར་རྩི་བྱུག་པ་ཞིག་ཏུ་བརྗེས། ཀོང་ཇོ་གཉིད་ལས་སད་དེ་སླར་ཡང་མེ་ལོང་དུ་གཟིགས་པ་ན་ཕ་ཡུལ་གྱི་གནས་ཚུལ་ཅི་ཡང་མ་མཐོང་བས། བློན་པོ་མདུན་དུ་བོས་ནས་རྒྱུ་མཚན་དྲིས་པས། བློན་པོའི་ཞལ་ནས་རྒྱ་ནག་གོང་མ་ཐུགས་རྗེ་རེ་ཆུང་། གསེར་གྱི་མེ་ལོང་ཞིག་གནང་བ་ལ་ཟླ་བ་ཁ་ཤས་ཀྱི་དུས་ཡུན་ཙམ་ལས་ནུས་མཐུ་མེད་པར་བྱིན་གྱིས་བརླབས། ད་ལྟ་ཁོང་ཚོས་ཀོང་ཇོ་བརྗེད་དེ་བཟའ་བཏུང་གླུ་གར་གྱི་དཔལ་ལ་རོལ་བཞིན་ཡོད་ངེས་ཞེས་ཞུས་པ་ན། ཀོང་ཇོ་ཤིན་ཏུ་སྐྱོ་ནས་ལག་གི་མེ་ལོང་དེ་ཤུགས་ཀྱིས་འཕངས་པ་དང་། ས་ལ་ལྷུང་ནས་དུམ་བུ་གཉིས་སུ་གས། ཉི་ཟླ་གཉིས་ལྷན་དུ་མ་འཛོམས་བར་དུ་ང་རང་ཕྱིར་རྒྱའི་ཡུལ་དུ་མི་ལོག་ཅེས་མནའ་བོར་བས་རྡོ་དེ་རི་བོ་འདི་གཉིས་སུ་གྱུར་པ་དང་། མིང་ལའང་རི་བོ་ཉི་ཟླ་ཞེས་མངོན་པར་གྲགས་པའོ། །

  དཔྱད་གཞིའི་ཡིག་ཆ།

  1  ཚེ་ལོས་གཙོ་སྒྲིག་བྱས་པའི 《མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ12པའི་པར་གཞི་དང་པོ། ཤོག་ངོས180-181ན་གསལ། 

  2  བློ་བཟང་ལྷུན་གྲུབ་རྡོ་རྗེས་གཙོ་སྒྲིག་བྱས་པའི 《མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས》 (མཚོ་ལྷོའི་གླེགས་བམ)ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ2016ལོའི་ཟླ་དང་པོར་པར་ཐེངས་དང་པོ་བཏབ། 

  • 顶 0