མདོ་ལ།

2018-08-28
0

  

   མདོ་ལ་ནི་བོད་མདོ་དབུས་ཁམས་གསུམ་ཞེས་ཡུལ་ཁམས་གསུམ་དུ་ཕྱེས་བ་ལས་མདོ་ཕྱོགས་སུ་ཡོད་པའི་རི་རྒྱུད་རིང་མོ་ཞིག་ཡིན་ལ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་མདོ་ལ་རིང་མོ་ཞེས་འབོད་ཅིང་། གནའ་བོའི་ཞུང་ནུའུ(匈奴)སྐད་དུ་ཆི་ལེན(祁连)ཟེར་ཞིང་གནམ་གྱི་དོན་ཡིན་ལ། བསྟན་དོན་ནི་རྔམ་ཞིང་བརྗིད་ཆགས་པའི་རི་བོ་ཞེས་པ་དེ་ཡིན། རི་བོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི35དང་རིང་ཚད་ལ་སྤྱི་ལེ1200ཡོད། ཆེས་མཐོ་བའི་རི་རྩེ་གངས་རྒྱལ་བོ་ཡིན་ལ། མཚོ་འཕགས་སྨི5826.8ཡོད། ཀྲུང་གོའི་རི་རྒྱུད་གཙོ་བོ་ནང་གི་གཅིག་ཡིན། 

   ​ངོ་སྤྲོད་མདོར་བསྡུས།

  མདོ་ལ་རིང་མོའི་རི་རྒྱུད་དེ་ནུབ་ནས་ཨར་ཅིན་རི་བོའི(阿尔金山)ཤར་སྣེའི་ཏིང་ཅིན་རི་བོ(当金山)དང་འབྲེལ་ཡོད་ལ། ཤར་ནས་ཧི་ལན་རི་བོ(贺兰山)དང་ལུང་དྲུག་ལ་དགུ(六盘山)བར་གྱི་ཞང་ཧྲན་རི་བོ(香山)དང་འབྲེལ་ཡོད།  ཤར་ནས་ནུབ་ཀྱི་སྤྱིའི་རིང་ཚད་ལ་ཧ་ལམ་སྤྱི་ལེ1200ལྷག་ཡོད་ལ། ལྷོ་ནས་བྱང་གི་ཞེང་ཚད་ལ་ཧ་ལམ་སྤྱི་ལེ200ནས300ཙམ་ཡོད།སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི35དང་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་མདོ་ལ་རིང་མོའི་རི་རྒྱུད་ཀྱི་རིང་ཚད་ཧ་ལམ་སྤྱི་ལེ800ལྷག་ཡོད། རི་བོའི་ནུབ་རྒྱུད་མཐོ་ཞིང་ཤར་རྒྱུད་དམའ་ལ། རི་རྩེ་མང་ཆེ་ཤོས་ཀྱི་མཚོ་འཕགས་སྨི4000ཡན་ཡིན། ཆེས་མཐོ་བའི་རི་རྩེ་ནི་གངས་རྒྱལ་བོ(团结峰)  ཡིན། མཚོ་འཕགས་སྨི5808ཡོད་ལ་དུས་བཞིར་གངས་ཀྱིས་བཟུང་ཡོད།མདོ་ལ་རིང་མོའི་རི་རྒྱུད་ལ་གངས་དང་འཁྱག་རོམ་གྱི་ཁྱབ་རྒྱ་ཆེ་ལ། ཁྱོན་བསྡོམས་འཁྱག་རོམ་ཆེ་ཆུང3306ཡོད་ཅིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ2063དང་ཆུའི་གསོག་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར1320ཡོད་པས་ཆུ་དང་གཙང་བོ་མང་པོའི་འབྱུང་ཁུངས་དང་མཚོ་དང་མཚེའུ་ཡི་ཆུའི་མགོ་ཁུངས་སུ་གྱུར་ཡོད། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་མདོ་ལ་རིང་མོའི་རི་རྒྱུད་ཀྱི་ནུབ་རྒྱུད་དང་བར་རྒྱུད་རི་ཁུལ་དང་གྲོག་རོང་ཡིན་ལ། ཤར་རྒྱུད་མཉམ་གཤིབ་མུ་འབྲེལ་རི་རྒྱུད་དང་ལུང་ཐང་ཡིན། མཚོ་འཕགས་སྨི3000ནས4000གི་རི་བོའི་བར་གྱི་ཞེང་གི་ཆེ་ཆུང་ལ་སྤྱི་ལེ5ནས20ཡོད་པས་རང་བྱུང་གི་རྩྭ་ས་ལེགས་ཤོས་ཡིན། མཚོ་འཕགས་མཐོ་ཚད་ཀྱི་བར་ཁྱད་དང་བསྟུན་ནས་ས་རྒྱུད་དང་སྐྱེ་དངོས་ཀྱི་ཆགས་ཚུལ་ཡང་རྣམ་པ་མི་འདྲ་སྟེ། མཚོ་འཕགས་སྨི4000ཡན་ནི་སྐྱེས་ཚད་ཐུང་བའི་སྐྱེ་དངོས་ཡིན་ལ། ཁེབས་ཚད་ཤིན་ཏུ་ཆུང་། སྨི4000མན་དུ་རིམ་བཞིན་རྩྭ་ལྡུམ་མཁན་པ་དང་རྩྭ་མཁན་པ། གླང་མ། མཚོ་སྔོན་གསོན་སྡོང་། མདོ་ལ་ཤུག་སྡོང་། ཤིང་སྟག་པ་སོགས་སྐྱེས་ཡོད། མཚོ་སྔོན་ཞིང་ཆེན་མངའ་ཁོངས་ཀྱི་མདོ་ལ་རིང་མོའི་ནུབ་རྒྱུད་ཀྱི་མཁའ་དབུགས་སྐམ་ཞིང་སྐྱེ་དངོས་ཁེབས་ཚད་ཉུང་། ལོའི་ཆར་ཆུའི་འབབ་ཚད་ཧོ་སྨི270ཡིན།ཤར་རྒྱུད་ས་ཁུལ་དེ་དུས་རླུང་གི་ཤུགས་རྐྱེན་འོག་ཆར་ཆུ་ཅུང་མང་ཞིང་། ལོའི་འབབ་ཚད་ཧོ་སྨི500ཡས་མས་ཡིན་ལ། རི་རྩེ་འགའ་ཤས་ཀྱི་ཆར་ཆུའི་འབབ་ཚད་ཧོ་སྨི700སླེབས་ཡོད་པས། ཁ་དབུགས་བརླན་ཞིང་། རང་བྱུང་ནགས་ཚལ་མང་པོ་སྐྱེས་ཡོད། མདོ་ལ་རིང་མོའི་རི་རྒྱུད་ནི་ས་བབ་མཐོ་ཞིང་གནམ་གཤིས་གྲང་ལ། དགུན་དུས་ཀྱི་དུས་ཡུན་རིང་། ཆ་སྙོམས་ཀྱི་དྲོ་གྲང་ཏུའུ0ནས་ཏུའུ4ཡིན། ཆེས་དྲོ་བའི་དུས་ཚིགས་ཀྱི་དྲོ་གྲང་ཏུའུ6ནས་ཏུའུ10ཡིན་པས་དག་དག་གངས་དང་འཁྱག་རོམ་བཞུ་ཐུབ་ཅིང་། མདོ་ལ་རིང་མོའི་རི་འདབས་ཀྱི་ཞིང་ལས་འཕེལ་རྒྱས་ལ་མཐུན་རྐྱེན་ལེགས་པོ་འཛོམས་ཡོད་ལ། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་མི་གྲངས་འདུས་སྡོད་ཆེ་བའི་མཁར་གྲོང་དང་བཟོ་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་ས་ཁུལ་ཡིན། དེ་མིན་རི་རྒྱུད་འདི་རུ་གསའ་དང་གཉན། ཤ་སྐྱ།  རྐྱང་། དོམ། གནའ། འབྲོང་། དགོ་བ། གླག  གོང་མོ་སོགས་རི་དྭགས་དང་གཅན་གཟན། འདབ་ཆགས་རྩ་ཆེན་བགྲང་གིས་མི་ལང་བ་འཚོ་གནས་བྱས་ཡོད་ལ། རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱེད་པའི་རིམ་པ་དང་པོའི་རི་དྭགས་དང་གཅན་གཟན་རིགས14ལྷག་གནས་པ་དང་། རིམ་པ་གཉིས་པའི་རི་དྭགས་དང་གཅན་གཟན་རིགས39ལྷག་གནས། སྐྱེ་དངོས་ལའང་གསོམ་སྡོང་དང་ཤུག་པ། སྐྱེར་བ། སྟག་པ་སོགས་ཤིང་སྣ་དང་དབྱར་རྩྭ་དགུན་འབུ་དང་ཤྭ་མོ། སྤང་རྒྱན་མེ་ཏོག  ལྕུམ་རྩྭ་སོགས་སྨན་སྣ་རྩ་ཆེན་དང་། གསེར་དངུལ་ཟངས་ལྕགས། ཞ་ཉེ། རྡོ་བལ། རྡོ་སོལ།གཡང་ཊི། རྡོ་བ་རྒ་ལ་སོགས་པའི་གཏེར་ཁ་ཕུན་སུམ་ཚོགས་པོ་ཡོད།

  དཔྱད་གཞིའི་ཡིག་ཆ།

  • 顶 0