རྐང་ཚ་རྫོང་།

2018-08-27
0

 

   རྐང་ཚ་རྫོང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་མངའ་ཁོངས་སུ་གཏོགས་པའི་རྫོང་ཞིག་ཡིན་ལ། མཚོ་བྱང་ཁུལ་གྱི་ལྷོ་ནུབ་ཕྱོགས་དང་མདོ་ལ་རིང་མོའི་རྟ་ཐང་རི་རྒྱུད་དུ་ཆགས་ཡོད། རྫོང་ཁོངས་སུ་བོད་རིགས་དང་རྒྱ་རིགས། སོག་རིགས། ཧེ་རིགས། ཟ་ལར་རིགས། ཡུ་ཧོར་རིགས་སོགས་མི་རིགས12ཀྱིས་གྲུབ་པའི་མི་གྲངས་ཁྲི4.5ལྷག་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8138.07ཡོད། མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་ཀྱི་རྨིད3500ཡན་ཡིན། རྫོང་ཁོངས་སུ་དཔལ་དགེ་གྲོང་རྡལ་དང་འོམ་ཆུ་གྲོང་རྡལ། གཡི་དཀར་འོམ་ལུང་ཡུལ་ཚོ། མཚོ་འཁྱིལ་ཡུལ་ཚོ། སྐྱིད་སྨོན་ཡུལ་ཚོ་བཅས་སྲིད་འཛིན་ཡུལ་ཚོ་ལྔ་ཡོད། 

   ངོ་སྤྲོད།

  སྤྱི་ལོ1953ལོའི་ཟླ11པའི་ཚེས26ཉིན་ལ་རྐང་ཚ་བོད་རིགས་རང་སྐྱོང་རྫོང་བཙུགས་ཤིང་། སྤྱི་ལོ1954ལོའི་ཟླ4བའི་ཚེས29ཉིན་རྐང་ཚ་རྫོང་དུ་བསྒྱུར་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་རྫོང་དུ་གྱུར། སྤྱི་ལོ1954ལོར་རྐང་ཚ་རྫོང་ལ་ཁོངས་གཏོགས་ས་ཁུལ་གཉིས་སུ་ཕྱེས་ཡོད་དེ། སྤྱི་ལོ1957ལོར་སུ་ཁུལ་བཞི་དང་ཡུལ་ཚོ་གཅིག་བྱས་ལ། སྤྱི་ལོ1959ལོར་མི་དམངས་ཀུང་ཧྲེ3དང་། སྤྱི་ལོ1960ལོར་སླར་ཡང་འོམ་ཆུ་དང་གཡི་དཀར་འོམ་ལུང་། མཚོ་འཁྱིལ། སྐྱིད་སྨོན། དཔལ་དགེ་བཅས་མི་དམངས་ཀུང་ཧྲེ5བཙུགས་པ་ཡིན། སྤྱི་ལོ1984ལོར་རྫོང་ཡོངས་ནས་མི་དམངས་ཀུང་ཧྲེ་དག་ཡུལ་ཚོ་ལ་བསྒྱུར་བ་ནས་བཟུང་ད་ལྟའི་བར་དུ་གནས་བ་ཡིན།

    སྲིད་འཛིན་ཁོངས་དབྱེ།

  དཔལ་དགེ་གྲོང་རྡལ་དང་འོམ་ཆུ་གྲོང་རྡལ། གཡི་དཀར་འོམ་ལུང་ཡུལ་ཚོ། མཚོ་འཁྱིལ་ཡུལ་ཚོ། སྐྱིད་སྨོན་ཡུལ་ཚོ་བཅས་གྲོང་རྡལ་དང་ཡུལ་ཚོ5། སྡེ་བ31བཅས་ཡོད།

    རང་བྱུང་ཐོན་ཁུངས།

  3_1 ས་ཞིང་ཐོན་ཁུངས། 

  རྐང་ཚ་རྫོང་ནི་ཕྱུགས་ལས་གཙོ་གཉེར་བྱེད་པའི་རྫོང་ཞིག་ཡིན་ལ། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ8138.07ཡོད་པ་དང་། དེ་ལས་རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་ཁྲི5.29ཡོད་ལ། སྤྱི་རྒྱ་ཁྱོན་གྱི་བརྒྱ་ཆའི0.46ཟིན། མིས་བཟོ་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི5.29ཡོད་ལ། སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི0.46ཟིན། གྲོང་རྡལ་དང་གཞུང་ལམ། ཆུ་ཁོངས་བཅས་ཀྱི་རྒྱ་ཁྱོན་ལ་མུའུ་ཁྲི16.11ཡོད་ལ། སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི1.4ཟིན། རྡོ་འཛིང་འདམ་གཞུང་ཅན་གྱི་བཀོལ་སྤྱོད་བྱེད་མི་ཆོག་པའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི176.17ཡོད་ལ། སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི15.39ཟིན། བཀོལ་སྤྱོད་བྱེད་ཆོག་པའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི941.69ཡོད་ལ། སྤྱི་རྒྱ་ཁྱོན་གྱི་བརྒྱ་ཆའི82.28ཟིན།

   3_2 རི་ཆུ་ནགས་གསུམ་གྱི་ཐོན་ཁུངས།

  རྐང་ཚ་རྫོང་གི་མངའ་ཁོངས་སུ་རྐང་ཚའི་སྐྱེས་ལྷ་ཨ་མྱེས་རྫ་དམར་གཙོ་བྱས་བའི་བ་ཡན་རི་བོ་དང་མཚོ་སྙིང་མ་ཧཱ་དེ་བ། ཧོས་རི་བོ། སྐྱིད་སྨོན་ཅོག་ཙེ། བཞུགས་ཁྲི། གཡང་ར། བུ་ལུང་། ཟངས་རྫ། ཞལ་དཀར། བཙན་པོ་དཔའ་ཕྱུག ཚེ་ཐར། མང་རྭ། སྟོབས་ལྡན་ཞལ་དཀར། ཀུན་བཟང་རི་བོ་སོགས་རྫ་རི་དང་སྤང་རི། གཡའ་རི་མཐོ་ཞིང་བརྗིད་པའི་རི་བོ་དུ་མ་ལྷུན་ཆགས་སུ་མཆིས།

  དེ་མིན་པུ་ཧ་ཆུ་བོ་དང་སྐྱིད་སྨོན་ཆུ་བོ། བེའུ་ཧ་འོབ་ལེན་ཆུ་བོ། གཡི་དཀར་འོམ་ལུང་ཆུ་བོ། དཔལ་དགེ་ཆུ་བོ་སོགས་དྭངས་ཤིང་བསིལ་བའི་ཆུ་བོ་ཆེ་ཕྲན་དུ་མ་བྱང་ཕྱོགས་ནས་ལྷོ་ཕྱོགས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྟོ་བ་རུ་འབབ་ཀྱིན་ཡོད་ལ། སྤྱང་ཚང་ཆུ་བོ་དང་མཆོག་གྲུབ་ཆུ་བོ། རྒྱ་སྒོ་ཆུ་བོ། ལམ་པ་ཆུ་བོ། རྔ་རྡུང་ཆུ་བོ་སོགས་རྫ་ཆུ་དུ་མ་བྱང་ནས་ལྷོ་རུ་བབས་ཏེ་མུ་རུའི་ཆུ་བོ་དང་འདྲེས་ནས། རྐང་ཚ་དང་མདོ་ལའི་ས་མཚམས་བརྒྱུད་དེ་ཤར་ཕྱོགས་སུ་འབབ་ཀྱིན་ཡོད།

  རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་གཅིག་པུ་སྟེ་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་གཙོས་མཚོ་དང་མཚེའུ་དུ་མའང་གནས་འདིར་རང་བྱུང་ལྷུན་གྲུབ་ཏུ་ཡོད་ལ། མུ་རུའི་ན་ཐང་དང་དཔལ་དགེ་གཡུ་སྨུག་ཐང་གཉིས་ནི་རྒོད་པོས་འདབ་གཤོག་བརྐྱངས་པ་ལྟར་བ་ཡན་རི་རྒྱུད་ཀྱི་གཡས་གཡོན་དུ་ཆགས་ཡོད།

   3_3 སྐྱེ་དངོས་ཀྱི་ཐོན་ཁུངས།

   རི་དྭགས་གཅན་གཟན་གྱི་རིགས་ལ་འབྲོང་དང་ཤྭ་བ། རྐྱང་། རྣ་བ། གཉན། གླ་བ། དགོ་བ་སོགས་རིགས་མང་པོ་ཁྱུ་དང་ཁྱུ་བྱས་ནས་ཡུལ་གྱི་རྒྱན་དུ་བག་ཡངས་སུ་གནས་ཤིང་། དྲེད་མོང་དང་གསའ། གཡི་དཀར། སྤྱང་ཀི འཕར་བ། ཝ་བ་སོགས་གཅན་གཟན་གྱི་རིགས་ཡང་མང་དུ་མཆིས། ད་དུང་བྱ་གླིང་དུ་བྱ་རིགས་བརྒྱ་དང་དྲུག་ཅུ་ལྷག་དང་བྱ་གྲངངས་ཁྲི་ཕྲག་བཅུ་དྲུག་ལྷག་འདུས།

  གཏེར་རྫས་ཐོན་ཁུངས་ཀྱི་རིགས་ལ་གསེར་དང་དངུལ། ཟངས། ལྕགས། གཡུ་རྡོ། ཆུ་ཤེལ། རྡོ་ཀ་མ་རུ། རྡོ་སོལ། རྡོ་སྣུམ་སོགས་མང་པོ་ཡོད།

  སྔོ་སྨན་གྱི་རིགས་ལ་དབྱར་རྩྭ་དགུན་འབུ་དང་གངས་ལྷ། ཨུཏྤལ་སྔོན་པོ། ལུག་མིག ལྕུམ་རྩྭ། སྔོ་ཡི་བུ་མོ་སྤུན་བདུན་སོགས་རིགས་སུམ་བརྒྱ་ལྷག་ཡོད།

   4 ས་ཁམས་ཁོར་ཡུག 

   4_1 ས་གནས།

   རྐང་ཚ་རྫོང་ནི་མདོ་ལ་རིང་མོའི་རྟ་ཐང་རི་རྒྱུད་ཀྱི་དབུས་རྒྱུད་དུ་ཆགས་ཡོད་དེ། མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་ཕྱོགས་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཕྱོགས། མཚོ་སྔོན་པོའི་བྱང་རྒྱུད་དུ་ཆགས་ཡོད། ལྷོ་རུ་མཚོ་སྔོན་པོ་དང་འདྲེས་ཡོད་ལ། ཤར་ཕྱོགས་སུ་དཔལ་དགེ་ཆུ་བོ་དང་མདོ་ལ་རྫོང་ལ་འབྲེལ་ཡོད། ནུབ་ཕྱོགས་ནི་ཐེམ་ཆེན་རྫོང་དང་འབྲེལ་ཡོད། རྐང་ཚའི་གནས་ཡུལ་ནི་སའི་གོ་ལའི་ཤར་གྱི་གཞུང་ཐིག99.20′44″-100.37′24″དང་། བྱང་གི་འཕྲེད་ཐིག36.58′06″-38.04′04″མཚམས་སུ་ཁེལ་ཡོད་ཅིང་། ཤར་ཕྱོགས་ཚ་ལ་ཆུ་བོ་ནས་ནུབ་ཕྱོགས་སྐྱིད་ཅོག་ཙེ་རི་རྒྱུད་། ལྷོ་ཕྱོགས་མཚོ་སྔོན་པོ་ནས་བྱང་ཕྱོགས་མུ་རུའི་ཆུ་བོ་ཚུན་ཆད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ཡུལ་ནི་རྐང་ཚ་རྫོང་གི་ས་ཁུལ་ཡིན།

   4_2 ས་བབ།

  རྐང་ཚ་རྫོང་གི་རི་ལུང་ཐང་གསུམ་གྱི་ཆགས་རིམ་ནི་ནུབ་བྱང་ནས་ཤར་ལྷོ་ཕྱོགས་སུ་གསེག་ཡོད་པ་དང་། བྱང་རྒྱུད་དུ་རི་མཐོན་པོའི་སྟར་ཕྲེང་བསྒྲིགས་ཡོད་ལ། དབུས་རྒྱུད་དུ་སྤང་རིའི་ཚོགས་ཀྱིས་བཀང་ཡོད། ལྷོ་ཕྱོགས་ནི་མཚོ་འགྲམ་ན་ཐང་ཡིན། ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི3500ཡོད། རྫོང་ཁོངས་ཀྱི་ས་བབ་ཆེས་མཐོ་ཤོས་ནི་ནུབ་ཀྱི་ཟངས་རྫའི་རི་རྒྱུད་ཡིན་ལ། མཐོ་ཚད་ལ་མཚོ་ངོས་ལས་སྨི4775ཡོད། ཆེས་དམའ་ས་ནི་ལྷོ་རྒྱུད་མཚོ་སྔོན་པོའི་འགྲམ་ངོགས་ཡིན་ལ། མཐོ་ཚད་ནི་མཚོ་ངོས་ལས་སྨི3195ཡིན།

   4_3 གནམ་གཤིས།

  རྐང་ཚ་རྫོང་གི་གནམ་གཤིས་ནི་ཚབ་མཚོན་ལྡན་པའི་མཐོ་གཞོང་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན། ཁྱད་ཆོས་གཙོ་བོ་ནི་ཉི་འོད་འཕྲོ་འགྱེད་ཆེ་ཞིང་། ཉི་འོད་ཕོག་ཡུན་རིང་བ། ཉིན་གཅིག་གི་ནམ་ཟླའི་དྲོད་གྲང་གི་བར་ཁྱད་ཆེ་ལ། ལོའི་ནམ་ཟླ་དྲོད་གྲང་གི་བར་ཁྱད་ཆུང་བ། ལོ་གཅིག་གི་ཆ་སྙོམས་དྲོད་ཚད-0.6—5.7℃ཡིན་ལ། ཆེས་མཐོ་བའི་དྲོད་ཚད25℃དང་། ཆེས་དམའ་བའི་དྲོད་ཚད-31℃ཡིན། ལོ་རེའི་ཆར་ཆུའི་འབབ་ཚད་ཧོ་སྨི324.5-522.3བར་ཡིན་ལ། ལོ་རེའི་ཆ་སྙོམས་རླུང་བུའི་རྒྱུ་ཚད་སྐར་ཆ་རེ་ལ་རྨིད3.7ཡིན། མདོར་ན་ཡུལ་འདིའི་དབྱར་ནི་དྲོད་ཞིང་བསིལ་ལ་དགུན་ནི་འཁྱགས་ཤིང་གྲང་། དབྱར་གྱི་དུས་ཡུན་ཐུང་ཞིང་དགུན་གྱི་དུས་ཡུན་རིང་། ཆར་ཆུའི་འབབ་ཞོད་ཉུང་ཞིང་མཁའ་དབུགས་ཀྱི་སྐམ་ཚད་མཐོ་བའི་མཚོ་བོད་མཐོ་སྒང་ཅན་གྱི་གནམ་གཤིས་ཡིན།

   5 མི་རིགས་དང་མི་གྲངས།

   5_1 མི་གྲངས།

   སྤྱི་ལོ2015ལོའི་ལོ་མཇུག་བར་རྐང་ཚ་རྫོང་ལ་ཁྱོམ་བསྡོམས་པའི་མི་གྲངས45925ཡོད་ལ། བོད་རིགས་མི་གྲངས31584དང་རྒྱ་རིགས་མི་གྲངས་ལ11294ཡོད། ཧེ་རིགས་དང་སོག་རིགས། ཧོར་རིགས་སོགས་མི་རིགས་གཞན་དག་ལ་མི་གྲངས3000ལྷག་ཡོད།

   5_2 ​མི་རིགས།

   རྐང་ཚ་རྫོང་ནི་བོད་རིགས་གཙོ་བྱས་པའི་མི་རིགས་མང་པོ་འདུས་སྡོད་བྱས་པའི་ས་ཁུལ་ཞིག་ཡིན་ཞིང་། ཁྱོན་སྡོམ་མི་རིགས12ཡོད་དེ། དེའི་ནང་བོད་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི68.77ཟིན་པ་དང་། རྒྱ་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི24.59ཟིན། སོག་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི2.95ཟིན། ཧེ་རིགས་མི་གྲངས་ཀྱིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི2.44ཟིན། མི་རིགས་གཞན་དག་གིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི1.25ཟིན།

   6 འགྲིམ་འགྲུལ་སྐྱེལ་འདྲེན།

   རྐང་ཚ་རྫོང་མཁར་ནི་རྗོངས་ཁོངས་ཀྱི་ལྷོ་ཕྱོགས་སུ་གནས་ལ། དེ་ནས་རྐང་ཚའི་མེ་འཁོར་ས་ཚིགས་བར་དུ་སྤྱི་ལེ10ཡོད་པ་དང་། དཔལ་དགེའི་མེ་འཁོར་ས་ཚིགས་བར་དུ་སྤྱི་ལེ35ཡོད། རྫོང་མཁར་ནས་ཟི་ལིང་གྲོང་ཁྱེར་བར་ལ་སྤྱི་ལེ188ཡོད་ལ། མཚོ་བྱང་ཁུལ་ནུབ་མཚོ་གྲོང་རྡལ་བར་དུ་སྤྱི་ལེ88ལས་མེད། རྫོང་ཁོངས་སུ་གྲོང་ཞང་གཞུང་ལམ16ལྷག་ཡོད་ལ། རླངས་འཁོར་བགྲོད་ཐུབ་པའི་རིང་ཚད་སྤྱི་ལེ260.1ཡོད། གཙོ་ཟུར་ལྕགས་ལམ3ཡོད་དེ། རྐང་ཚའི་མངའ་ཁོངས་སུ་བགྲོད་ཐུབ་པའི་རིང་ཚད་སྤྱི་ལེ152.6ཡིན།

   7 དཔལ་འབྱོར།

   སྤྱི་ལོ2015ལོར། རྫོང་ཡོངས་ཀྱི་ས་གནས་ཐོན་སྐྱེན་སྤྱི་དངུལ་ནི་སྒོར་དུང་ཕྱུར14.71ཡིན་ལ་འཕར་ཚད་བརྒྱ་ཆའི24.3ལ་སོན་ཡོད། རྫོང་གཏོགས་གཏན་འཇགས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར25.6ཡིན་ལ་འཕར་ཚད་བརྒྱ་ཆའི43.7ཡིན། ས་གནས་ཀྱི་སྤྱི་བའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་ནི་སྒོར་དུང་ཕྱུར1.38ཡིན་ལ་འཕར་ཚད་བརྒྱ་ཆའི27.5ཡིན། གྲོང་ཁྱེར་གྱི་འདུས་སྡོད་མང་ཚོགས་ཀྱི་མི་རེའི་ཡོང་སྒོ་ནི་སྒོར24669ཡིན་ལ་འཕར་ཚད་བརྒྱ་ཆའི14.1ཡིན། ཞིང་སྡེའི་མང་ཚོགས་ཀྱི་མི་རེའི་ཡོང་སྒོ་ནི་སྒོར11776ཡིན་ལ་འཕར་ཚད་བརྒྱ་ཆའི16ཡིན་པས། རྫོང་ཡོངས་ཀྱི་དཔལ་འབྱོར་བསྟུད་མུར་འཕེལ་རྒྱས་སུ་འགྲོ་རྣམ་པ་ལེགས་པོ་ཆགས་ཡོད།

   8 སྤྱི་ཚོགས།

  8_1 རིག་གནས་ལས་དོན།

  སྤྱི་ལོ2016ལོའི་ལོ་མཇུག་བར། རྐང་ཚ་རྫོང་ཡོངས་སུ་སྒྱུ་རྩལ་ཆེད་ལས་འཁྲབ་སྟོན་ལས་ཁུངས1དང་དཔེ་མཛོད་ལས་དོན་ལས་ཁུངས1ཡོད། རིག་དངོས་ལས་དོན་ལས་ཁུངས1ཡོད། མང་ཚོགས་རིག་གནས་ལས་དོན་ལས་ཁུངས1བཅས་ཡོད།

   8_2 སྨན་བཅོས་ལས་དོན།

   སྤྱི་ལོ2016ལོའི་ལོ་མཇུག་བར། རྐང་ཚ་རྫོང་ཡོངས་སུ་ཡུལ་ཚོ་རིམ་པ་ཡན་གྱི་གཞུང་བཙུགས་སྨན་བཅོས་འཕྲོས་བསྟེན་ལས་ཁུངས9ཡོད་ཅིང་། དེའི་ནང་ཕྱོགས་བསྡུས་སྨན་ཁང1དང་ནད་ཡམས་ཚོད་འཛིན་ལས་ཁུངས1ཡོད། ཀྲུང་བོད་སྨན་ཁང1ཡོད། འཕྲོད་བསྟེན་ལྟ་སྐུལ་ཁང1ཡོད། འཕྲོད་བསྟེན་ཁང5བཅས་ཡོད།

   8_3 སློབ་གསོའི་ལས་དོན།

   སྤྱི་ལོ2015ལོའི་བར། རྐང་ཚ་རྫོང་དུ་རིགས་སོ་སོའི་སློབ་གྲྭ16ཡོད་པ་དང་། སློབ་གྲྭའི་སློབ་མའི་མི་གྲངས6766ཡོད། དེའི་ཁྲོད་སློབ་ཆུང6ཡོད་པ་དང་། སློབ་མའི་མི་གྲངས3994ཡོད། སློབ་འབྲིང1ཡོད་པ་དང་། སློབ་མའི་མི་གྲངས1404ཡོད། བྱིས་གཉོར་ཁང9ཡོད། སློབ་མའི་མི་གྲངས1368ཡོད།

   8_4 སྤྱི་ཚོགས་འགན་སྲུང་།

   སྤྱི་ལོ2015ལོའི་ལོ་མཇུག་བར། རྐང་ཚ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྤྱི་ཚོགས་འགན་སྲུང་ཉེན་སྲུང་ལ་ཞུགས་ཚད་བརྒྱ་ཆའི97.7ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བཟོ་བའི་རྒན་གསོ་འགན་སྲུང་དང་སྨན་བཅོས་འགན་སྲུང་། ལས་རྐྱེན་འགན་སྲུང་བཅས་ལ་ཞུགས་ཚད་ནི་རེ་རེ་བཞིན་བརྒྱ་ཆའི93.61དང་བརྒྱ་ཆའི99.5། བརྒྱ་ཆའི100བཅས་ལ་སོན་ཡོད། ཞིང་འབྲོག་ས་ཁུལ་གྱི་མཉམ་ལས་སྨན་བཅོས་ལ་ཞུགས་ཚད་བརྒྱ་ཆའི100ཡིན།

   9 མཛེས་ལྗོངས་གྲགས་ཅན། 

   མཚེར་བ་རིའམ་བྱ་གླིང་འདི་ནི་སྔོན་དུས་མཚོ་སྔོན་པོའི་ནང་གི་གླིང་ཕྲན་ཞིག་སྟེ། མཚོ་འཁྱིལ་ཡུལ་ཚོའི་ལྷོ་ཕྱོགས་ཀྱི་ད་ལྟའི་མཚོ་སྔོན་པོའི་བྱ་གླིང་ཞེས་པ་དེ་ཡིན་ཞིང་།  མཚོ་ངོས་ལས་མཐོ་ཚད་རྨིད3000ཡོད་ལ།  རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ0.8ཙམ་ཡོད། འདིའི་ཚུགས་ཀ་ནི་མཚེར་བ་ཞིག་དང་འདྲ་བས། འདི་ལ་མཚོ་རྔའི་མཚེར་བ་རི་ཟེར།  དབྱར་དུས་བྱ་རིགས་ཁྲི 16ལྷག་ཡོད་པས་མཚོ་སྔོན་པོའི་བྱ་གླིང་ཐོགས་ཤིང་། གནས་དེར་བྱ་རིགས་མི་འདྲ་བ་གང་མང་དབྱར་དགུན་སྟོན་དཔྱིད་མེད་པར་བག་ཕེབས་སུ་གནས་ཕྱིར་ད་ལྟ་རྒྱལ་སྤྱིའི་མང་གྲགས་ཅན་གྱི་གནས་གྲགས་ཆེན་གྱི་གྲས་སུ་བཞག་ཡོད།

   9_1 ཆོས་སྡེ་གྲགས་ཅན།

   རྐང་ཚའི་ཡུལ་འདིར་གནའ་ནས་ད་བར་དུ་ལས་འབྲས་ཀྱི་དགེ་བ་བསྔོ་སའི་གྲུབ་མཐའ་གསར་རྙིང་གི་དགོན་སྡེ13བཞུགས་ཏེ། རྐང་ཚའི་དགོན་ཆེན་དང་རྐང་ཚའི་དགོན་ཆུང་། ས་ཐོབ་དགོན་པ། གསེར་རྡེའུ་དགོན་པ། རུ་མང་དགོན་པ། དཔོན་ཚང་གོང་མའི་དགོན་པ། སོག་ཚ་དགོན་པ། ཕྱུག་ནོར་དགོན་པ། དཔོན་ཚང་ཞོལ་མའི་དགོན་པ། རྒྱ་ཉག་དགོན་པ། ཇོ་སྐོར་དགོན་པ། ཁོ་ཚེ་དགོན་པ། ཡག་མོའི་སྤྱི་བའམ་མ་ཎི་ཁང་། གཉའ་ཞོལ་མའི་སྔགས་ཁང་བཅས་སོ།།

  དཔྱད་གཞིའི་ཡིག་ཆ།

  • 顶 0