ཏིང་ཡེ་ཤན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཆུའི་མ་ལག་གི་སྣོད་བཅུད་སླར་གསོ་དང་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

2018-07-03
0

   

  ཚེས་27ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྷ་ས་གྲོང་ཁྱེར་གྱི་ཆུའི་མ་ལག་སྣོད་བཅུད་སླར་གསོ་དང་བཅོས་སྐྱོང་ལས་དོན་ལ་ཆེད་དོན་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆུའི་མ་ལག་གི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ། ཆུའི་མ་ལག་གི་སྤུས་ཚད་ལེགས་སུ་གཏོང་བ། ཆུའི་སྣོད་བཅུད་མ་ལག་སླར་གསོ་བྱེད་པ། ཆུའི་མ་ལག་དང་གྲོང་ཁྱེར་དབར་གྱི་འབྲེལ་བ་ལེགས་སུ་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་གྱི་ཆུའི་མ་ལག་ཡུན་རིང་དྭངས་གཙང་གི་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

   ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་དང་བཅས་པ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད། 

   ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྱི་ཆུའི་མ་ལག་གཏོད་རྒྱུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཐུགས་ཁུར་ཟབ་མོ་གནང་སྟེ་གྲོང་ཁྱེར་གྱི་ཆུའི་མ་ལག་འཆར་འགོད་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་དང་། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུ། གྲོང་ཁྱེར་གྱི་སྤུས་ཚད་དང་གཟུགས་བརྙན་ལེགས་སུ་གཏོང་རྒྱུ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཚན་རིག་དང་མཐུན་པའི་རང་བྱུང་ལྟ་བ་བརྟན་པོ་འཛུགས་པ། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོར་དམ་པོར་དམིགས་པ། རི་ཆུ་ནགས་ཞིང་རྩྭ་དང་མཚེའུ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་སྔར་བས་མཛེས་སྡུག་ལྡན་པའི་ཁོར་ཡུག་བསྐྲུན་པ་དང་སྔར་བས་ཕུན་སུམ་ཚོགས་པའི་སྤུས་ལེགས་ཀྱི་སྣོད་བཅུད་ཐོན་རྫས་མཁོ་འདོན་བྱས་ཏེ་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་། གྲོང་ཁྱེར་གྱི་ཆུའི་མ་ལག་འཛུགས་སྐྱོང་དང་སྣོད་བཅུད་སླར་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དེའི་ནང་ཁུལ་གྱི་ཆོས་ཉིད་དང་ཕྱིའི་འབྲེལ་བ་ཁོང་དུ་ཆུད་པར་བྱེད་པ་དང་། མིག་སྔའི་དགོས་མཁོ་དང་ཡུན་རིང་འཆར་འགོད་དང་། ཆུ་ཁུངས་འཛུགས་སྐྲུན་དང་ཆུའི་མ་ལག་གི་བཀོད་པ། མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་སྣོད་བཅུད་སླར་གསོ། ས་གཞིས་འཛུགས་སྐྲུན་དང་ཆུའི་མ་ལག་འཛུགས་སྐྱོང་། ཆུ་འདྲེན་ལས་གྲྭ་དང་སྦགས་བཙོག་འགོག་བཅོས། སྣོད་བཅུད་ནུས་པ་དང་རིག་གནས་ནུས་པ། སྣོད་བཅུད་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་སོགས་དབར་གྱི་འབྲེལ་བ་སྤྱི་འདོམས་ཐག་གཅོད་ཡག་པོ་བྱས་ནས་གྲོང་ཁྱེར་གྱི་ཆུའི་མ་ལག་དེ་ཉིད་གྲོང་ཁྱེར་གྱི་སྣོད་བཅུད་ཀྱི་བཀྲག་མདངས་འཚེར་ས་དང་། གྲོང་ཁྱེར་གྱི་ཤེས་དཔལ་མཛེས་ལྗོངས། གྲོང་མིའི་འབྲེལ་ཐག གྲོང་ཁྱེར་གྱི་རིག་གནས་མཚོན་རྟགས་གཙོ་བོ་བཅས་སུ་འགྱུར་བ་བྱེད་དགོས་པ། ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འགོ་ཁྲིད་བྱ་ཤུགས་ཆེ་རུ་བཏང་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”ཆེ་རུ་གཏོང་བ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཐུབ་པ་བྱེད་པ། སྣོད་བཅུད་ཤེས་དཔལ་མ་ལག་མགྱོགས་མྱུར་གཏོད་པ། ལྗང་མདོག་འཕེལ་རྒྱས་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། མངོན་གསལ་དོད་པའི་སྣོད་བཅུད་ཁོར་ཡུག་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། ཁོར་ཡུག་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། 

  • 顶 0