བོད་ཀྱི་འབུར་ལུག་གངས་རིའི་འཁྱགས་རོམ་སྣོད་བཅུད་སླར་གསོའི་དུས་མཚམས་སུ་སླེབས་པ།

2018-07-03
0

  

   ཟླ་6པ་ནས་བཟུང་ཡུལ་སྐོར་བར་སྣེ་ལེན་ཞུ་ མཚམས་འཇོག་རྒྱུ་ཡིན་པ། 

  ཚེས་27ཉིན། གསར་འགོད་པར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནས་ཤེས་རྟོགས་བྱུང་བར། རྫོང་དེའི་མངའ་ཁོངས་སུ་ཡོད་པའི་འབུར་ལུག་གངས་རིའི་འཁྱག་རོམ་སྣོད་བཅུད་སླར་གསོའི་དུས་མཚམས་སུ་སླེབས་ཉེར་ཡོད་པས་འཁྱགས་རོམ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ཡག་པོ་ཡོང་ཆེད། ཟླ་6ཚེས་1ཉིན་ནས་བཟུང་གནས་སྐབས་ཡུལ་སྐོར་བར་སྣེ་ལེན་ཞབས་ཞུ་སྣ་ཚོགས་ཞུ་མཚམས་འཇོག་རྒྱུ་ཡིན་པ་རེད། 

 “ཉེ་བའི་ལོ་ཤས་རིང་། འཁོར་ཁྲིད་ཡུལ་སྐོར་དར་ཁྱབ་བྱུང་བ་དང་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་སྦྲགས་འབུར་ལུག་གངས་རིའི་འཁྱགས་རོམ་དང་དེ་བཞིན་མཐའ་འཁོར་དུ་ཡུལ་སྐོར་དུ་ཡོང་མཁན་དང་མྱུལ་དཔྱད་ལ་དགའ་པོ་ཡོད་མཁན་ཇེ་མང་དུ་ཕྱིན་པ་དང་ཐ་ན་ཁག་གཅིག་གིས་ཁྲིམས་འགལ་ངང་མི་མེད་ཁུལ་སྒྲོལ་གྱི་ཡོད། བྱ་སྤྱོད་དེ་དག་ལས་ཡུལ་དེ་གའི་མ་གཞི་ནས་ཉམས་ཞན་ཡིན་པའི་སྣོད་བཅུད་ཁོར་ཡུག་ལ་གནོན་ཤུགས་མི་ཉུང་བ་ཞིག་སྤྲད་པ་མ་ཟད། དབྱར་ཁ་འཁྱགས་རོམ་མཐའ་འཁོར་དུ་ཕར་བལྟས་ཚོད་ལ་རྩྭ་ཐང་ལྟ་བུ་སྣང་ཡང་དོན་དངོས་ཐོག་མང་ཆེ་བ་ན་འདམ་ཁུལ་ཡིན་པས་ཡུལ་སྐོར་བའི་བདེ་འཇགས་ལ་བསམ་བློ་བཏང་བ་ཞིག་རེད”ཅེས་མཚོ་གཉིས་རྫོང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཁྲེང་ཨེན་ཝུའེ་ཡིས་གསར་འགོད་པར་བརྗོད། 

  འབུར་ལུག་གངས་རིའི་འཁྱགས་རོམ་ནི་ལྷོ་སྣེ་དང་བྱང་སྣེ་ཕུད་འཛམ་གླིང་ཐོག་གི་འཁྱགས་རོམ་ཆེ་གྲས་གསུམ་པ་དེ་ཡིན་ཞིང་། འཛམ་བུ་གླིང་གི་སྣེ་གསུམ་པར་གྲགས་པ་དང་། མཚོ་གཉིས་རྫོང་ནས་བྱང་ཤར་མཚམས་སུ་སྤྱི་ལེ་90ཡིས་ཆོད་ཅིང་། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་ཁུལ་གཙོ་བོ་ཞིག་རེད། ཁུལ་དེར་གཙོད་དང་འབྲོང་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡོད་པ་ཕུད་ད་དུང་ཤྭ་བ་དང་། རྐྱང་། སྤྱང་ཀི། དྲེད་མོང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱང་ཡོད་པ་རེད། 

  ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་སྣོད་བཅུད་སླར་གསོའི་དུས་མཚམས་རིང་། མཚོ་གཉིས་རྫོང་གི་ནགས་ལས་དང་། ཁོར་ཡུག་སྲུང་སྐྱོང་། སྤྱི་བདེ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་ཆུས་བསྣུབས་པའི་ལམ་བུ་ཉམས་བཟོ་དང་། གད་སྙིགས་སྒྲུག་པ། ཁྲིམས་འགལ་གྱི་ཀླུང་བརྒལ་བཅོས་སྒྲིག་སོགས་ཀྱི་བྱ་སྤྱོད་སྤེལ་ཏེ་འཁྱགས་རོམ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་པ་རེད། 

  • 顶 0