བོད་ལྗོངས་མངའ་རིས་ཀྱིས་རེས་སྐོར་གསར་པའི་རྒྱལ་ཁབ་ས་ཆའི་སྔོ་འགྱུར་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ།

2018-07-03
0

 

  ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་18ཉིན། གསར་འགོད་པར་བོད་ལྗོངས་མངའ་རིས་ས་ཁུལ་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར། 2018ལོར་མངའ་རིས་ས་ཁུལ་གྱིས་རེས་སྐོར་གསར་པའི་རྒྱལ་ཁབ་ས་ཆའི་སྔོ་འགྱུར་རྣམ་གྲངས་ལག་བསྟར་བྱེད་འགོ་བཙུགས་ཏེ་མ་དངུལ་སྒོར་ཁྲི་7000ལྷག་ཙམ་བཏང་ནས་ནགས་བཟོ་མུའུ་ཁྲི་3.4བྱ་རྒྱུ་ཡིན་པ་རེད། “འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་གྲགས་པའི་མངའ་རིས་ཀྱིས“སྣོད་བཅུད་ནགས་ལས་ལ་བརྟེན་ནས་ལྗང་མདོག་སྲུང་ཡོལ་བསྐྲུན་པའི”དམིགས་ཚད་ཕྱོགས་སུ་སླར་ཡང་གོམ་ཞེང་ཆེན་པོས་བསྐྱོད་རྒྱུ་ཡིན་པ་རེད། 

   དུས་རབས་གོང་མའི་ལོ་རབས་བདུན་ཅུ་བརྒྱད་ཅུ་པར་ཤིང་འཛུགས་ནགས་བཟོའི་འཆར་གཞི་དེ་མངའ་རིས་སུ་ལག་བསྟར་བྱེད་འགོ་ཚུགས་ཤིང་། ཉེ་བའི་ལོ་ཤས་རིང་མངའ་རིས་ཀྱིས་གཞི་ཁྱོན་ཆེན་པོའི་ནགས་བཟོའི་རྣམ་གྲངས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་གྲང་འགོག་ཐན་འགོག་གི་ཤིང་སོན་ནང་འདྲེན་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་པ་དང་ས་བབ་མཐོ་བའི་ཤིང་འཛུགས་ནགས་བཟོའི་བྱེད་ཐབས་ནུས་ལྡན་ངང་འཚོལ་ཞིབ་བྱས་པས་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་པ་རེད། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2012ལོ་ནས་2017ལོ་བར་མངའ་རིས་ས་ཁུལ་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་ནས་ཤིང་རྐང་ཁྲི་1000ལྷག་ཙམ་འདེབས་འཛུགས་བྱས་པར་ནགས་བཟོའི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་6.5ཟིན་ཡོད་པ་རེད། 

   སེང་གེ་ཁ་འབབ་གཤོངས་ས་ནི་མངའ་རིས་ས་ཁུལ་གྱི་བྱེ་འགོག་བྱེ་བཅོས་ལས་གྲྭའི་གཙོ་གནད་ས་ཁོངས་ཤིག་རེད། ལོ་24ཡི་རིང་དེ་གར་ལས་གྲྭའི་རྣམ་གྲངས་ཀྱི་ནགས་བཟོ་དང་འོས་འགན་ཤིང་འཛུགས་ཀྱི་བྱེད་ཐབས་རིགས་གཉིས་བརྒྱུད། རིམ་རྩིས་བྱས་ན་ནགས་བཟོ་མུའུ་ཁྲི་3.4བྱས་པ་དང་། ཤིང་རྐང་ཁྲི་500ལྷག་ཙམ་བཏབ་པས་བྱེ་རླུང་བཀག་འགོག་ནུས་ལྡན་ཐུབ་ཡོད་པ་རེད། གྲངས་གཞི་ལས་མངོན་པར། སེང་གེ་ཁ་འབབ་གཤོངས་སར་སད་མི་རྒྱག་པའི་དུས་ཚོད་དེ་དུས་རབས་གོང་མའི་ལོ་རབས་90ཡི་ལོ་རེར་ཆ་སྙོམས་ཉིན་117ནས་མིག་སྔའི་ཉིན་299བར་རིང་དུ་ཕྱིན་པ་དང་། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་དུས་རབས་གོང་མའི་ལོ་རབས་90ཡི་ཧའོ་སྨི་73ནས་མིག་སྔའི་ཧའོ་སྨི་138བར་མང་དུ་ཕྱིན་ཡོད་པ་རེད། 

   མངའ་རིས་ས་ཁུལ་ནགས་ལས་ཅུས་ནགས་བཟོ་སྔོ་འགྱུར་ཁོའོ་ཡི་ཁོའོ་ཀྲང་ཉི་མ་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར། མངའ་རིས་ཀྱི་ནགས་བཟོའི་འདུ་འགོད་ནང་གཙོ་བོ་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་འཛུགས་སྐྲུན་དང་། “གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར། འགོག་སྲུང་ནགས་ཚལ་གྱི་མ་ལག་འཛུགས་སྐྲུན། བྱེ་འགོག་བྱེ་བཅོས་བཅས་རྣམ་གྲངས་བཞི་ཡོད་པ་རེད། འཚོ་བཅུད་ཀྱི་ཁུ་བའི་སྨན་ཁབ་རྒྱག་པ་དང་། དྲོད་སྲུང་སྲིང་བལ་གྱིས་ཐུམ་རྒྱག་པ། ལྗོན་ཤིང་གི་རྩ་བ་ཚུགས་པའི་ཕྱེ་མ་གཏོར་བ་སོགས་བྱེད་ཐབས་བརྒྱུད་སྤང་གོང་རྒྱ་ལྕང་དང་། འོམ་བུ། རྒྱལ་རྩེའི་གླ་ཚེར་སོགས་ཤིང་སོན་མང་པོ་གཞི་ཁྱོན་ཆེན་པོའི་སྒོ་ནས་འདེབས་གསོ་མངོན་འགྱུར་བྱུང་ནས་ཤིང་སོན་གསོན་ཚད་དེ་མིག་སྔར་80%ཡན་ཟིན་ཡོད་པ་རེད། 

 

 

  

  • 顶 0