ཐུད་དང་ཞུན་གྱི་རིགས་བཟོ་ཐབས།

2014-06-23

  

   ཁམས་ཉག་རོང་གི་ཕྱུར་བའི་ཐུད་གོར་གཡུང་དྲུང་རི་བོ་ཅན   

  

           འདོད་ཡོན་གྱི་རི་མོ་སྣ་ཚོགས་བཀོད་པའི་གྲོ་མའི་ཕྱེ་ཞུན།      

   ཞུན་ལ་རིགས་གསུམ་སྟེ། གྲོ་མའི་ཞུན་ནི་གྲོ་མ་སྐམ་པོ་གཙང་བཀྲུ་བརྔོ་ཞིང་ལག་སྐོར་དུ་རྩིང་འཐག་བྱས་པ་སུམ་ཆ་ཙམ་དང་། ཕྱུར་ཞིབ་སུམ་ཆ་གཉིས་ལོངས་ཙམ་ལ་སྦྲང་དང་ཡང་ན་ཕྱེ་མ་ཀ་ར་རན་པར་བསྲེས་པའི་ནང་མར་གསར་གྱི་མར་ཁུ་ནུབ་ངེས་སུ་བླུགས་ནས་དཀྲུག་དཀྲུག་བྱས་ཏེ་སྐག་ཏུ་གཞུག  སྐག་ཐག་མ་ཆོད་ཙམ་ཏུ་མར་ཁུའི་སྟེང་ནས་མར་ཚོན་གྱི་སྐུད་པས་རི་མོ་གང་འདོད་འཐེན་ཏེ་སྐག་པའི་ཟས་རིགས་རྩ་ཆེན་ཞིག་ཡིན།  རྩམ་ཞུན་ནི། གྲོ་མ་བཏག་ཕྱེའི་ཚབ་ཏུ་རྩམ་པ་རྩིང་པོས་བྱ་ལ་གཞན་རྣམས་གོང་དང་འདྲ་བར་བུ་རམ་ཧྲོབ་བརྡུངས་དང་སྟར་སྙིང་མང་ཙམ་བསྲེ་བ་སྟེ། ཞུན་གྱི་ནང་དུ་ཆུ་མི་འདྲེས་པས་རུལ་སྐྱོན་མེད། འོན་ཀྱང་ཉར་ཡུན་རིང་ན་མར་རྙིང་ནས་རོ་ཁ་བ་ཡིན། རྒྱུ་གྲོ་མའི་བཏག་ཕྱེ་སྟེང་དུ་དབྱར་རྩྭ་དགུན་འབུ་བསྲེ། སྟོན་གྱི་འབྲི་མར་གསར་པའི་མར་ཁུ་ལ་འབུ་སྦྲང་ཉུང་ཙམ་བླུགས་ནས་བཟོས་པའི་ཞུན་ནི་སྨན་ཞུན་སྟེ། རྙིང་པ་མ་ཡིན་པའི་ཞུན་ཞོགས་པར་ཁེམ་བུ་གང་རེ་ཟོས་ན་ལུས་སྟོབས་རྒྱས།རོ་ཙ་གསོ་བའི་མཆོག་ཡིན་པས་སྨན་ཞུན་ཞེས་ཟེར། ཕྱུར་ཐུད་ནི། ཕྱུར་བ་སྤུས་ལེགས་གཙང་མ་རྒྱ་མ་བཞི་རེ་ལ་ཆུ་གྲང་རྒྱ་མ་གང་རེ་བརྒྱབ་ནས་མཚན་གཅིག་བསྙལ། དེ་ནས་སྦང་ཟིན་པའི་ཕྱུར་བ་རྒྱ་མ་གསུམ་རེ་ལ་མར་གསར་རྒྱ་མ་གང་རེ་བསྲེ་སྟེ།ཤིང་གཞོང་གི་ནང་ལེགས་པར་བརྫིས་ནས་འདག་ཏུ་གྱུར་པ་དེ་སྲབ་མཐུག་སོར་དོ།། དབྱིབས་སྒོར་མོ་ངོས་སྙོམས་ལ་ཞེང་དུ་མཐོ་དོ་བ།ངོས་སུ་མཛུབ་གུས་གཡུང་དྲུང་སོགས་ཀྱི་རི་མོ་གཤོང་ཅན་དུ་གཏོད་པ་དེ། མགྲོན་པོ་ལ་འབུལ་བྱ་དང་། ཆོས་ཚོགས་ཆེན་མོ་སོགས་ཀྱི་སྐབས་གྲྭ་ཚོགས་ལ་འགྱེད་གཏོང་བྱ་ཞིག་སྟེ། ཐུད་ཧྲིལ་པོ་ཞིག་ལ་ཐུད་གོར་གཅིག ། དེའི་ཕྱེད་ཀར་ཐུད་ཕྱེད། བཞི་ཆ་ལ་བཞི་ཐུད་ཅེས་ཟེར་སྲོལ་ཡོད། ཐུད་མཆོག་གམ་ཚོ་ཐུད་ནི།ཕྱུར་བ་གསར་པ་སྐམ་པོ་མར་གྱིས་བརྫིས་པའི་ཐོག་རྒུན་འབྲུམ་དང་གྲོ་མ་བརྔོས་མ། སྟར་གའི་སྙིང་པོ།བུ་རམ་གོར་མོ་དང་ཤེལ་ཀ་ར་ཧྲོབ་བརྡུངས། སྦྲང་རྩི་ཉུང་ཙམ་བཅས་བསྲེ་བརྫིས་ཀྱིས་བཟོས་པས་དཀར་གསུམ་མངར་གསུམ་འཛོམས་པའི་རྟེན་འབྲེལ་གྱི་ཟ་མ་རྩ་ཆེན་ཞིག་སྟེ། མཆོད་པའི་ཟས་མཆོག་དང་། བག་སྟོན། ཁང་སྟོན། ཆོས་སྟོན་སོགས་སུ་ཟས་ཀྱི་ཐོག་མར་བཤམ་བྱའི་རྟེན་འབྲེལ་གྱི་མཆོག་ཡིན་པས་ཐུད་མཆོག་དང་། མར་སོགས་རྫས་ཕུན་སུམ་ཚོགས་པ་འདུས་པའི་དབང་གིས་ཚོ་ཐུད་ཞེས་ཀྱང་འབོད་དོ།། ཞུན་དང་ཐུད་ཀྱི་རིགས་ལས་གྲོ་མའི་ཞུན་དང་རྩམ་ཞུན་གཉིས་འབྲོག་ཕྱོགས་སུ་དར་ཞིང་། སྨན་ཞུན་ནི་དེང་གི་ཆ་རྐྱེན་ཡོད་པའི་རྒན་གྲས་ཀྱི་ལུས་པོ་གསོ་བྱེད་དུ་བཟོ་བ་ཞིག་ཡིན་ལ། ཕྱུར་ཐུད་ནི་ཁམས་ཉག་རོང་ཕྱོགས་སུ་དར་ཁྱབ་ཆེ་བ་དང་། ཐུད་མཆོག་ནི་མདོ་ཁམས་ཀྱི་འབྲོག་ཁུལ་གཙོ་བོར་གྱུར་པའི་ས་ཆ་དུ་མར་ཁྱབ་པ་དང་། གཞན་ཡང་ཕྱུར་ཐུད་ཀྱི་སྟེང་དུ་གོ་རེ་བཙོས་མ་བསྲེ་བརྫིས་ཀྱིས་བཟོས་པས་མར་དང་མངར་ཆ་ཐུད་གཞན་དག་ལས་ཉུང་བའི་རྗེན་ཐུད་སོགས་ཀྱང་ཡོད་དོ།།   

<