ཀྲུང་གོའི་བོད་ཇའི་རིག་གནས་གཟའ་འཁོར་གཡག་རྔ་གྲོང་ཁྱེར་དུ་སྤེལ་བ།

2016-04-18
0

  སྤྱི་ཟླ༤བའི་ཚེས༥ཉིན། སྐབས་དང་པོའི་ཀྲུང་གོའི་བོད་ཇའི་རིག་གནས་གཟའ་འཁོར་དེ་གཡག་རྔ་གྲོང་ཁྱེར་ཡུས་ཁྲིན་ཆུས་ཏོ་ཡུན་གྲོང་རྡལ་གྱི་ཀྲུང་གོའི་བོད་ཇའི་གྲོང་སྡེར་སྤེལ་ཞིང་། དེས་བོད་ཇའི་ཐོན་རྫས་མང་པོ་དང་བོད་ཇའི་རིག་གནས་འགྲེམ་སྟོན་གྱིས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག

  ཡུས་ཁྲིན་ཆུས་སུ་ད་སྐབས་ཇ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཉིས་དང་སྣེ་འདྲེན་ཁེ་ལས༡༦ཡོད། ལོ་རེའི་ཐོན་ཚད་ཏུན་ཁྲི་གཉིས་ལྷག་དང་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར༦.༧༡ཟིན། ཆུས་ཡོངས་ཀྱི་ཇ་འདེབས་ཞིང་པ་དུད་ཚང་ཁྲི་ལྔའི་མི་རེའི་ཡོང་འབབ་སྒོར༣༠༠༠འཕར། ཡུས་ཁྲིན་ཆུས་ནི་ལོ་ངོ་སྟོང་གི་བོད་ཇའི་འབྱུང་ཁུངས་དང་ཁྲོན་བོད་ཇ་རྟའི་ཚོང་འགྲུལ་གནའ་ལམ་གྱི་འགོ་ཚུགས་ས་ཡང་ཡིན། རྒྱ་བཟའ་ཀོང་ཇོས་ཇ་འཁྱེར་ཏེ་བོད་ལ་ཕེབས་པ་ནས་བརྩིས་ན་བོད་ཇ་ལ་ལོ་ངོ༡༣༠༠ལྷག་གི་ལོ་རྒྱུས་ལྡན། དེའི་ནང་བཀྲ་ཤིས་བོད་ཇ་ཞེས་པར་ཀྲུང་གོའི་མིང་དུ་གྲགས་པའི་ཚོང་རྟགས་ཀྱི་མཚན་སྙན་ཐོབ་པ་དང་གཡག་རྔའི་བོད་ཇའི་སྲོལ་རྒྱུན་གྱི་བཟོ་རྩལ་དེ་ཁག་གཉིས་པའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོར་ཚུད་ཡོད།

  ཀྲུང་གོའི་བོད་ཇའི་གྲོང་སྡེ་ནི་ཇ་རྟའི་ཚོང་འགྲུལ་གནའ་ལམ་གྱི་འབབ་ཚུགས་དང་པོ་དང་རྒྱལ་ལམ༣༡༨ཀྱི་ཆེས་མཛེས་པའི་གྲོང་རྡལ་དང་པོའི་མཚན་སྙན་ཐོབ་པའི་ཏོ་ཡུན་གྲོང་རྡལ་དུ་གནས་ཡོད། དེ་ནི་ལུའུ་ཧྲན་ས་ཡོམ་གྱི་བསྐྱར་སྐྲུན་གྱི་སྤྱིའི་འཆར་འགོད་ནང་དུ་བཞག་པའི་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་ཤིག་ཡིན་ལ། ད་ལྟ་རྒྱལ་ཁབ་ཀྱིA༤རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་བཞིན་ཡོད།

  ཀྲུང་གོའི་བོད་ཇའི་གྲོང་སྡེ་རུ་དུས་བགོས་སྒོས་ཕྱོགས་བསྡུས་ལྟ་སྐོར་སྤྲོ་འཆམ་ཁུལ་དང་སྒྱུ་རྩལ་བདེ་ཐང་ཉམས་ཞིབ་ཁུལ། སྤྲོ་གསེང་ཅན་གྱི་སྡོད་གནས་ལེགས་ཤོས་ཁུལ་བཅས་བྱེད་ནུས་ཆེན་པོ་གསུམ་གྱི་རྩ་འཛུགས་ཚོགས་པ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། དེའི་ནང་ཚོགས་པ་དང་པོའི་སྐབས་དང་པོའི་ལས་གཞི༼ལྟེ་བའི་ཁུལ༽ནི་ད་ལོའི་ཟླ་བ་དང་པོའི་ནང་བསྐྲུན་པ་དང་། དེའི་ནང་འཛམ་གླིང་ཇ་འདེབས་ར་བ་དང་། བོད་ཇའི་རིག་གནས་འགྲེམ་སྟོན་ཁང་། བོད་ཇ་རོ་མྱོང་བྲིན་ཚོང་ཁུལ། བོད་ཇའི་བརྗོད་དོན་དུ་བཟུང་བའི་མགྲོན་ཁང་དང་ཁྱད་ལྡན་ཁྲོམ་ར་སོགས་ཀྱི་བྱེད་ནུས་སྒྲིག་བཀོད་ཡོད།

  བོད་ཇའི་རིག་གནས་འགྲེམ་སྟོན་ཁང་དུ་དོམ་ཁྲའི་ཁྱིམ་གཞིས་འབྱུང་ཁུངས། འཛམ་གླིང་ཇ་ཡི་འབྱུང་ཁུངས་ཞེས་པ་བརྗོད་བྱ་གཙོ་བོ་བྱས་ཤིང་། དངོས་པོ་འགྲེམ་སྟོན་སོགས་ཀྱི་བྱེད་ཐབས་སྤྱོད་དེ། ཕྱོགས་ཡོངས་ནས་ཇ་རྟའི་གནའ་ལམ་དང་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཇའི་ངོ་མཚར་གཏམ་རྒྱུད་མངོན་པར་བྱས་ཡོད། འཛམ་གླིང་ཇ་འདེབས་ར་བར་གང་སར་མཛེས་ལྗོངས་དང་གོམ་ཁ་རེ་རེར་མཛེས་ལྗོངས་ཞེས་པའི་འདུ་ཤེས་ལྟར་གཅིག་བསྡུས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཇ་སྡོང་ལེགས་ཤོས་རིགས༡༠༦འགྲེམ་སྟོན་བྱས་ཡོད།

  

  • 顶 0