འགོག་ལོ་རོང་གི་ཉིན་གཅིག

2022-04-01
0

ཡུལ་ཤུལ་ནི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ཧ་ཅང་དར་ཁྱབ་ཆེ་བའི་ས་ཆ་ཞིག་ཡིན་པ་དང་། གནས་འདི་རུ་གེ་སར་རིག་གནས་དང་འབྲེལ་བའི་ངག་རྒྱུན་དང་རྗེས་ཤུལ་དང་གནའ་རྫས་ཀྱང་ཤིན་ཏུ་མང་པོ་མཆིས་ཏེ། དཔེར་ན། ཉིན་བཅོ་བརྒྱད་ཀྱི་སྔོན་ཏེ་སྤྱི་རྩིས་ཀྱི2021ལོའི་ཟླ10པའི་ཚེས16ཉིན་ང་དང་ངའི་ལས་གྲོགས་ཚོ་འགྲོ་མྱོང་སའི་ཡུལ་ཤུལ་གྲོང་ཁྱེར་གྱི་ཧ་ཤུལ་ཞང་འགོག་ལོ་རོང་གི་ལུང་པ་ནི་དེའི་གྲས་ཀྱི་གཅིག་རེད། འགོག་ལོ་རོང་ཞེས་པའི་ལུང་པ་དེ་སྐྱེ་རྒུ་མདོ་ཡི་ནུབ་བྱང་ཕྱོགས་སུ་སྤྱི་ལེ་བརྒྱ་དང་བཞི་བཅུ་ལྷག་གི་མཚམས་སུ་ཡོད་ཅིང་། ཡུལ་སྡེ་དེའི་མིང་ལ་སྔོན་ཆད་སྒྱོགས་མདའ་ཟེར་བ་དང་། གླིང་གེ་སར་རྒྱལ་པོའི་དུས་སྐབས་སུ་འབྲི་སྒ་བདེ་ཆོས་སྐྱོང་བེར་ནག་གིས་སྒྱོགས་རྡོ་འཕེན་སའི་གནས་ཡིན་པས་མིང་དེ་ལྟར་ཐོགས་པར་གྲགས། སྤྱི་རྩིས་ཀྱི1958ལོར་ས་མིང་ཞིབ་བཤེར་ཐོ་འགོད་བྱེད་སྐབས་ལས་བྱེད་མི་སྣས་སྒྲ་ལོག་ཐོས་ནས་རྒྱ་ཡིག་ཏུ“云塔”(ཡུན་ཐ)ཞེས་བྲིས་པས་ད་ལྟ་བོད་སྐད་ཀྱི་ས་མིང་ཡང་སྒྲ་འགྱུར་ནས་གཡང་མཐའ་འམ་གཡང་ཐར་ཞེས་འབོད་ཀྱིན་འདུག་ཅེས་ས་དེ་གའི་ཤེས་ལྡན་དག་གིས་སྨྲ། དེང་སྐབས་ཀྱང་ཡུལ་དེའི་མི་མང་ཤོས་ཀྱིས་སྔར་སྲོལ་བཞིན་དུ་འགོག་ལོ་རོང་ཞེས་འབོད་ཀྱིན་ཡོད་ནའང་གཞུང་གི་ཚད་ལྡན་ས་མིང་སོགས་སུ་དེ་ལྟར་བྲིས་མེད་པས། ལོ་ངོ་བཅུ་ཕྲག་གཉིས་གསུམ་ཙམ་གྱི་རྗེས་སུ་ཕྱི་རབས་པ་དག་གིས་ཡང་སྙིང་མིང་གང་ཞིག་འབོད་མིན་སུས་ཀྱང་བཤད་ཁག་པོ་རེད།

འགོག་ལོ་རོང་ནི་དངོས་གནས་རོང་ཆེན་ཞིག་ཡིན་ཏེ། སྟོད་ཀྱི་སྤང་རི་གཏོས་ཆེ་ཞིང་ལུང་ཁོག་ཅུང་ཡངས་མོད། སྨད་ཀྱི་རྫ་རི་རྔམས་མཐོ་བས་འགག་འཕྲང་ཧ་ཅང་དོག་པར་སྣང་། འབྲི་ཆུའི་ཕྱོགས་སུ་མགྱོགས་པོར་རྒྱུག་གིན་པའི་འགོག་ཆུ་ནི་དྭངས་ཤིང་བསིལ་བས། ས་དེ་ནི་དག་གཙང་གི་གནས་ཤིག་ཡིན་པ་བཤད་མ་དགོས། ལུང་ཞབས་ཀྱི་གཞུང་ལམ་དེད་དེ་སྐྱོད་སྐབས། མིག་ལམ་དུ་མངོན་པ་ནི་ནོར་གནག་གི་ཁྱུ་ཡིན་པ་ལས་གཡང་དཀར་གྱི་ཚོགས་ནི་མི་མཐོང་མོད། གཡས་གཡོན་གྱི་རི་ངོས་སུ་ཤྭ་དང་ཤེའུ་རྒྱུ་བ་དང་།བྲག་རྐེད་དུ་བྱ་དང་བྱེའུ་འཕུར་ཞིང་། ཆུ་འགྲམ་ན་རྟ་དང་རྟེའུ་འདྲོགས་པ་དང་། བསེར་མའི་ཁྲོད་དུ་སྔོ་སྨན་གྱི་དྲི་བཟང་འདྲེས་པས། སྐྱེ་བོ་ཀུན་གྱི་སེམས་སུ་དགའ་སྣང་གིས་ཁྱབ་པར་བྱེད་དོ།།

འགོག་ལོ་རོང་གི་སྐྱེ་བོ་ཕོ་མོ་རྒན་གཞོན་ཀུན་གྱིས་ས་ཆ་དེ་ནི་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་དུ་གསལ་བའི་འགོག་ར་ལོ་སྟོན་པ་རྒྱལ་མཚན་གྱིས་དབང་དུ་བཟུང་བའི་འགོག་ཡུལ་ཞེས་པ་དེ་ཡིན་པ་དང་།གླིང་ཇོ་རུའི་མ་ཡུམ་འགོག་བཟའ་ལྷ་མོའམ་ཀླུ་མོ་མཛེས་ལྡན་ཡལ་ག་འོག་ཀླུ་ཡུལ་ནས་བར་མི་ཡུལ་དུ་ཕེབས་པའི་གནས་ཡིན་ཟེར།ས་ཆ་དེའི་གནའ་བོའི་མཁར་རོ་སོགས་རྗེས་ཤུལ་མང་པོ་དང་ངག་རྒྱུན་ཐམས་ཅད་སྒྲུང་དཔེ་སྔ་མ་གསུམ་ཞེས་ཡོངས་སུ་གྲགས་པའི་ལྷ་གླིང་གབ་རྩེ་དགུ་སྐོར་དང་འཁྲུངས་གླིང་མེ་ཏོག་ར་བ་དང་རྨ་ས་བཟུང་དར་དཀར་མདུད་པ་སོགས་སུ་བྲིས་འདུག་པའི་འགོག་གི་སྐོར་དང་ཧ་ཅང་མཐུན་པ་དེ་ནི་ཡུལ་དེའི་གནའ་ནས་དེ་རིང་བར་དུ་བརྒྱུད་ཡོང་བའི་ས་མིང་རྡོ་མིང་དང་དེར་འབྲེལ་གཏམ་རྒྱུད་སོགས་མ་བཅོས་ངང་གིས་གྲུབ་ཡོད་ཟེར།འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་རབས་ཁྲོད་ཀྱི་མི་མང་ནང་བཞིན་ས་ཆ་དེའི་མི་མང་ཡང་གཞུང་དྲང་ཞིང་བློ་དང་སྤོབས་པ་ལྡན་པ་ཤ་སྟག་ཡིན་ལ།སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གྱི་འཕྲིན་ལས་སྐྱོང་མཁན་སྒྲུང་པ་དང་སྒྱུ་རྩལ་པ་དང་ཉམས་ཞིབ་པ་དང་ཁེ་ལས་པ་སོགས་གང་མང་ཡོད་པ་རེད།

ཉིན་དེ་ནི་རེས་གཟའ་སྤེན་པ་ལ་ཁེལ་ཡོད་པ་དང་། ཞོགས་པའི་ཉི་རྩེ་ས་ལ་འཕྲོས་མ་ཐག་ཏུ་ང་ཚོ་ལམ་དུ་ཆས་ནས་འགོག་ལོ་རོང་དུ་བསྐྱོད་པ་ཡིན། ཉིན་གུང་གི་དུས་ཡོལ་ནས་ཕྱི་དྲོར་བསླེབས་པ་ན་གཞི་ནས་འགོག་ལོ་རོང་དུ་འབྱོར་བྱུང་བས། ང་ཚོས་ཡུལ་ཤུལ་ཁུལ་གེ་སར་སྒྲུང་ཞིབ་འཇུག་སློབ་ཚོགས་དང་། ཧ་ཤུལ་ཞང་དང་། འགོག་ལོ་རོང་སྡེ་བ་བཅས་དང་མཉམ་འབྲེལ་སྒོས་འགོག་གི་གེ་སར་རིག་གནས་སྐྱེ་ཁམས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་ཤིང་། འགོག་ལོ་རོང་ངམ་གཡང་ཐར་སྡེ་བའི་འགོག་སྔ་ཆགས་རིག་གནས་རྗེས་ཤུལ་དང་། ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་རྫ་རྒྱལ་སྡེ་བའི་གེ་སར་བཞུགས་ཁྲིའི་རྗེས་ཤུལ་དང་། རྫ་སྟོད་རྫོང་རྣམ་སྲས་ཞང་རེ་ཁྱིམ་སྡེ་བའི་སེང་ཨ་སྲེའི་རྗེས་ཤུལ་དང་། ནང་ཆེན་རྫོང་ཉག་ལ་ཞང་ར་ཇུས་ཚང་གི་གནའ་གཞིས་རྗེས་ཤུལ་བཅས་ལ་གེ་སར་སྒྲུང་གི་ངག་རྒྱུན་ཤུལ་རྟེན་ཞིབ་འཇུག་རྟེན་གཞི་ཞེས་པའི་ཐེམ་བྱང་གནང་བ་དང་། ཡུལ་ཤུལ་ཁུལ་གངས་ལྗོངས་གེ་སར་རིག་གནས་མཐིལ་དང་། རྫ་སྟོད་རྫོང་རྫོགས་ཆེན་སྟག་གཟིག་ནོར་གཡང་གེ་སར་ཟློས་གར་ཚོགས་པ་དང་། ཡུལ་ཤུལ་གྲོང་ཁྱེར་ཆ་ཚང་སློབ་ཆུང་གསུམ་པ་དང་། ཁྲི་འདུ་རྫོང་འབྲི་སྒ་བདེའི་གེ་སར་ཟློས་གར་མཐུན་ཚོགས་བཅས་ལ་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི་ཞེས་པའི་ཐེམ་བྱང་གནང་ནས། རྒྱང་རིང་ལུང་ཁུག་གི་གེ་སར་སྒྲུང་དང་འབྲེལ་བའི་ཤུལ་རྟེན་ངོས་འཛིན་དང་ངག་རྒྱུན་རིག་གནས་སྲུང་སྐྱོབ་ཐད་རྟིང་སྐུལ་གྱི་ནུས་པ་འདོན་ཅི་ཐུབ་བྱས་ཏེ། ལས་ཀ་འདིས་ཀྱང་མི་རིགས་རང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་གཞི་རིམ་མི་མང་གི་སེམས་སུ་རང་ས་ཆའི་རིག་གནས་ལ་ཡིད་ཆེས་དང་གདེང་ཚོད་བརྟན་པོ་ཆགས་པར་ཨེ་ཕན་བསམས་པ་ཡིན།

འབྲོག་ཁྱིམ་ཉི་ཤུའམ་སུམ་ཅུ་ལྷག་འདུས་སྡོད་བྱས་ཡོད་པའི་སྡེ་བ་ཆུང་ངུ་ཞིག་གི་སྤྱི་ཁང་ཉིས་ཐོག་གི་ཤེལ་ཁྱམས་སུ་མཛད་སྒོ་དང་ལས་རིམ་འགའ་ལེགས་པར་གྲུབ་རྗེས། ཡུལ་དངོས་སུ་རྟོག་ཞིབ་དང་བགྲོ་གླེང་བྱ་རྒྱུའི་སྐབས་ལ་བབས་པས། རླངས་འཁོར་ཁ་ལོ་བསྒྱུར་ནས་དུས་ཚོད་སྐར་མ་བཅུ་ཡས་མས་ཀྱི་ལམ་དུ་ཕྱིན་པ་ན། ལུང་པ་དེའི་འགག་ཧ་ཅང་དོག་པོའི་རི་འདབས་ཀྱི་སྤང་ཁུག་ཅིག་ཏུ་བསླེབས། མ་གཞིར་ས་དེ་ནི་ཉིན་དེའི་བགྲོ་གླེང་ཚོགས་འདུའི་ཚོགས་ར་ཡིན་འདུག འགོག་ལོ་རོང་གི་འབྲོག་པ་རྣམས་སྔ་མོ་ནས་སྤང་ཁུག་དེ་རུ་འདུས་ཤིང་། རྒན་མགོ་དཀར་མན་ཆད་དང་གཞོན་སོ་དཀར་ཡན་ཆད་ཀྱི་ཁྱིམ་པ་ཕོ་མོ་རྣམས་ཀྱིས་གོས་གསར་བ་གྱོན་ཞིང་རྒྱན་ཡག་པ་བཏགས་ཡོད་པ་དང་། ད་དུང་མི་སྐོར་ཞིག་གིས་ལུས་ལ་པགས་ཚག་སྐྱ་བོ་དང་མགོ་ལ་ཕྱིང་ཞྭ་འདྲ་མིན་དང་རྐང་ལ་བོད་ལྷམ་ཡུ་རིང་གྱོན་ཡོད་པར་མ་ཟད། ཕྲག་ཏུ་ཏ་ལེན་ཁུར་བ་དང་སྐེད་ལ་འུར་ཆ་སོགས་བཏགས། བུད་མེད་ལ་ལས་རྒྱབ་ཏུ་གལ་མོ་ཁུར། ལ་ལས་བལ་རྩིད་གསེད་ཅིང་འཕང་འཁེལ་གྱིན་མཆིས། དེང་སང་གི་བོད་པ་ཚོས་ཕལ་ཆེར་མི་གྱོན་པའི་གྱོན་ཆས་དང་མི་སྤྱོད་པའི་སྤྱོད་ཆས་འདི་དག་མཐོང་བ་ན། ངའི་ཡིད་ལ་དེ་མ་ཐག་ཏུ་རང་ཉིད་ལོ་ན་ཆུང་དུས་ཀྱི་ཕ་ཡུལ་རྫོང་མགོ་དང་སྐབས་དེའི་སྔ་མི་རྣམས་འཁོར་ཡོང་བ་དང་། ལོ་རེའི་དབྱར་དགུན་སྟོན་དཔྱིད་དུས་ཚིགས་བཞི་ཡིས་བཙན་གྱིས་བསྒྱུར་བ་མིན་ཡང་མི་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་འཕོ་འགྱུར་ནི་ཅི་འདྲའི་བརྗོད་དཀའ་བ་ཞིག་རེད་ཨང་སྙམ་བྱུང་། བལྟས་ཚོད་ཀྱིས་ད་ནི་དམངས་སྲོལ་རིག་གནས་འགྲེམ་སྟོན་ནམ་རྒྱན་གོས་ངོམ་པའི་འདུ་ར་ཞིག་ཏུ་བསླེབས་པ་མིན་ནམ་སྙམ་པའི་བློ་སྐྱེས་མོད། ཡང་ཞིབ་འདང་རེ་བརྒྱབ་པ་ན། འགོག་ལོ་རོང་གི་མི་མང་གི་ཕྱི་ལུས་ཀྱི་རྣམ་པ་ལས་ངས་ཁོ་ཚོའི་ནང་སེམས་ཀྱི་དྲན་ཕྱོགས་ཚོར་བ་འདྲ་སྟེ། དེ་ནི་འགོག་ལོ་རོང་གི་མི་མང་གིས་རང་གི་ཕ་ཡུལ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་དང་སྲོལ་རྒྱུན་རིག་གནས་ལ་དུངས་པ་ཟབ་པའི་རྣམ་འགྱུར་དང་མེས་པོ་གོང་མ་རྣམས་ཀྱིས་ཤུལ་དུ་བཞག་པའི་ཡུལ་གོམས་གཤིས་ལུགས་འདོར་མ་ཕོད་པའི་ཆགས་ཞེན་སོགས་མཚོན་པ་མ་ཡིན་ནམ།

ཧ་ཤུལ་གྱི་འགོག་ལོ་རོང་ནི་ངེས་པ་དོན་གྱི་གཡང་སྡེ་ཕྱུག་མོ་ཞིག་རེད། རོང་ཆེན་དེའི་ནང་དུ་ལུང་པ་ཆེ་ཤོས་དྲུག་ཙམ་དང་ལུང་ཤུར་ཆུང་གྲས་བགྲང་གིས་མི་ལང་བ་ཡོད་ཟེར། ཁ་བྱང་ལ《ཧ་ཤུལ་སྡེ་བའི་རིག་གནས་ཤུལ་རྟེན་ལས་འགོག་དང་འབྲེལ་བའི་སྐོར་བཤད་པ་གཙང་ཆེན་གཡི་འབྲི་ཆུ་བོའི་རླབས་སྒྲ》ཞེས་བྱ་བའི་ཡིག་བརྙན་གཉིས་འཛོམས་ཀྱི་དེབ་དང《ཧ་ཤུལ་འགོག་ལོའི་ཡུལ་སྡེའི་སྐྱེ་ཁམས་རིག་གནས་ངོ་སྤྲོད་མདོར་བསྡུས》ཞེས་པར་འགོག་ལོ་རོང་གི་ཕུ་སྟོད་སྤང་རི་སྤང་མཛོད་དང་ལུང་སྨད་རྫ་རི་ཤིང་ནགས་ཀྱིས་ཁེངས་པ་ཞིག་ཡིན་ཞེས་བྲིས་ཡོད་པ་ནི་ཧ་ཅང་བདེན་ལ། ཡུལ་དེར་ཤིང་སྨན་གྱི་རིགས་ལ་ཤུག་པ་དང་འོམ་བུ། སྤེན་དཀར་སྤེན་ནག སྐྱེར་དཀར་སྐྱེར་ནག གླང་དཀར་གླང་ནག སིལ་ཤིང་།མཛོ་ཤིང་། ལྕང་མ། ཙནྡན། ཨ་དཀར་ཨ་སྐྱ་སོགས་འདྲ་མིན་བརྒྱ་ཕྲག རྩྭ་སྨན་གྱི་རིགས་ལ་དབྱར་རྩྭ་དགུན་འབུ་དང་། རྫ་ཡུང་། གངས་ལྷ་མེ་ཏོག གངྒ་ཆུང་། དབང་པོ་ལག་པ།སྟོང་རི་ཟིལ་པ། ལྕུམ་རྩྭ། ཨུཏྤལ་སེར་པོ་དང་དམར་པོ། ཏིག་ཏའི་རིགས་དང་འཁན་པའི་རིགས་དང་ལུག་མིག་གི་རིགས་སོགས་འདྲ་མིན་བརྒྱ་ཕྲག སྲོག་ཆགས་ཀྱི་རིགསས་ལ་གླ་བ་དུས་འཛིན་དང་། ཤྭ་སྐྱ་དང་། གནའ་བ་དཀར་ནག་དང་།གཉན་དང་།རྒོ་བ་དང་།གསའ་དང་།གསའ་མ་གཟིག་དང་།གཡུ་དཀར་དང་།དྲེད་མོང་དང་།ཨོག་དཀར་དང་།ཆུ་སྲམ་དང་།འཕར་བ་དང་།ཝ་སྐར་མ་སྟོང་ཤར་དང་།བྱ་རྒོད་དང་།གླག་དང་།ལྕགས་ཀྱི་བྱ་ཁྲ་དང་།ཁྲ་མིན་གླག་ཚ་དང་། པུ་ཤུད་དང་། རྒྱལ་པོ་བླ་བྱེའུ་དང་།གངས་སྦལ་དང་། ཉ་རིགས་སོགས་རི་དྭགས་གཅན་གཟན་འདབ་ཆགས་ལྟོ་འགྲོ་ཆུར་གནས་སེམས་ཅན་འདྲ་མིན་བརྒྱ་ཕྲག་ཡོད་ཚུལ་རེ་རེ་བཞིན་ཞིབ་གསལ་དུ་བཀོད་ཡོད་པར་བལྟས་ཚེ། ལུང་པ་དེ་ནི་སྲོག་ཆགས་དང་སྐྱེ་དངོས་སྣ་མང་འཛོམས་པའི་གནས་ཁྱད་པར་ཅན་ཞིག་ཡིན་པ་ནི་གདོན་མི་ཟ། 

ས་བཅུད་འཛོམས་ཤིང་འབྱོར་བ་རྒྱས་པས་ཡུལ་དེའི་མི་མང་གི་འཚོ་བ་ཕྱུག་པོར་ཆགས་ཡོད་པ་དང་། དུད་ཁྱིམ་སོ་སོར་དབྱར་རྩྭ་དགུན་འབུ་རྐྱང་རྐྱང་གི་ཡོང་འབབ་ལོ་རེར་ཆ་སྙོམས་ཀྱིས་སྒོར་འབུམ་བདུན་བརྒྱད་ཙམ་ཡོད་ཅེས་ང་ཡིས་ཐོས།དེ་ལྟ་ནའང་།ས་དེའི་མི་མང་གིས་སྔར་བཞིན་རྩྭ་ས་བདག་གཉེར་དང་ཕྱུགས་ཟོག་འཚོ་སྐྱོང་བྱེད་ཀྱིན་ཡོད་ལ། སྐྱེ་རྒུ་མདོ་དང་ཧ་ཤུལ་ཡུལ་ཚོ་སོགས་སུ་ཁང་པ་ཉོས་ནས་བུ་ཕྲུག་སློབ་གྲྭར་སྐྱེལ་བའི་ཞོར་དུ་གཞུང་སྒེར་གང་རུང་གི་ལས་ཁུངས་སུ་རིག་གནས་དང་སྒྱུ་རྩལ་དང་ལག་ཤེས་སོགས་གང་འཚམ་གང་འཇོན་གྱི་ལས་ཀ་བྱེད་པ་དང་། ཡང་ན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ། ད་དུང་ཚོང་ལས་གཉེར་མཁན་དང་ཕྱུགས་ལས་ཐོན་རྫས་གསར་སྤེལ་གྱི་ཁེ་ལས་སྒྲུབ་མཁན་ཡང་མི་ཉུང་བ་མཆིས་སྟེ།སྒྱིད་ལུག་ལེ་ལོ་དང་བག་མེད་རྣམ་གཡེང་དང་སྐྱིད་འདོད་རྩེད་འཇོར་རོལ་ནས་སྡོད་མཁན་མེད་པར་མ་ཟད། དེ་ལས་ལྡོག་སྟེ་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་གི་ཕྱོགས་སུ་བསམ་བློ་གཏོང་མཁན་དང་གེ་སར་རིག་གནས་དར་སྤེལ་གྱི་ཐད་ནུས་པ་འདོན་མཁན་གང་མང་མཆིས།

ང་རང་སྤང་ཐང་དུ་འཚོགས་པའི་རིག་གནས་བགྲོ་གླེང་གི་བྱེད་སྒོར་ཞུགས་པ་ཐེངས་དང་པོ་ཡིན་ལ། འབྲོག་པ་མང་ཚོགས་བརྒྱ་ཕྲག་དུ་མ་མཉམ་དུ་འཛོམས་ནས་བགྲོ་གླེང་ལ་ཉན་པ་དང་བགྲོ་གླེང་ལ་ཞུགས་ནས་རང་གི་ལྟ་ཚུལ་བརྗོད་པའམ་ཕན་ཚུན་སྤེལ་རེས་བྱེད་པའི་གནས་སྟངས་འདི་འདྲ་ཡང་ཐེངས་དང་པོར་འཕྲད་པ་ཡིན་པས་སྤྲོ་བ་ཆེན་པོ་སྐྱེས་བྱུང་། འགོག་ལོ་རོང་གི་ལོ་རྒྱུས་ངག་རྒྱུན་ལ་མཁས་པའི་རྒན་པོ་འཇམ་བཟང་ལགས་དང་།འགོག་གི་རིག་གནས་འཚོལ་སྡུད་དང་དག་སྒྲིག་ཐད་བྱས་རྗེས་བཞག་པའི་གྲྭ་བཙུན་ཨ་ཁུ་ཚུལ་དབང་ལགས་རྣམ་གཉིས་ཀྱིས་རི་ཆུ་དང་ཤུལ་རྟེན་སྐོར་ངོ་སྤྲོད་བྱས་ཤིང་།གེ་སར་སྒྲུང་པ་ཚེ་རིང་མཐར་ཕྱིན་ལགས་ཀྱིས་སྒྲུང་བཤད། ཡུལ་ཤུལ་གྱི་གེ་སར་རིག་གནས་ཞིབ་འཇུག་པ་དང་སྲུང་སྐྱོབ་པ་དང་རྒྱུན་འཛིན་པའི་གྲས་ཀྱི་ངག་དབང་དགེ་ལེགས་ལགས་དང་ཕུན་ཚོགས་ཟླ་བ་ལགས་དང་གཙང་པ་འཇིགས་ཚེ་ལགས་དང་ཉི་མ་ཚེ་རིང་ལགས་དང་ཀརྨ་རྣམ་རྒྱལ་ལགས་དང་གཡུ་ཡག་ལགས། ཧ་ཤུལ་དགོན་པའི་ཚུལ་ཁྲིམས་དར་རྒྱས་ལགས་དང་བློ་བཟང་མཁྱེན་བརྩེ་ལགས།གཞན་ཡང་ཁམས་པ་བརྙན་འཕྲིན་ཁང་གི་འཛིང་ཟླ་བ་ལགས།བོད་ལྗོངས་སློབ་གྲྭ་ཆེན་མོའི་ལྷ་མོ་དོན་གྲུབ་ལགས།སྡེ་དགེ་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལྷན་ཚོགས་ཀྱི་འགྱུར་མེད་དབང་མོ་ལགས་དང་ན་གཞོན་སྒྲུང་པ་བསོད་ནམས་རྒྱལ་མཚན་ལགས། ངའི་ལས་གྲོགས་སྙིང་བོ་ཚེ་རིང་ལགས་དང་དབང་ཆེན་ཚེ་རིང་ལགས།ད་དུང་ཡུལ་ཤུལ་གྲོང་ཁྱེར་དང་ཧ་ཤུལ་ཡུལ་ཚོའི་འབྲེལ་ཡོད་ལས་ཁུངས་ཀྱི་ལས་སྣེ་བ་བཅས་ཀྱིས་འགོག་ར་ལོ་རྒྱལ་པོའི་སྐུ་མཁར་སྐྱ་རེངས་གནམ་རྫོང་གི་སྐོར་དང་། ཀླུ་མོ་མཛེས་ལྡན་ཡལ་ག་མི་ཡུལ་དུ་བྱོན་པའི་སྐོར་དང་། འགོག་གླིང་བར་གྱི་འགལ་བ་དང་གཡུལ་འཁྲུག་གི་སྐོར་ལ་བགྲོ་གླེང་བྱས་ཤིང་། ཨ་མདོ་དང་ཁམས་ཀྱི་ས་ཆ་གཞན་པའི་འགོག་ལོ་དང་འབྲེལ་བའི་ངག་རྒྱུན་ཤུལ་རྟེན་སྐོར་ངོ་སྤྲོད་ཀྱང་གནང་སོང་། བར་གསེང་དུ་འགོག་ལོ་རོང་གི་གླུ་མ་བཀྲ་ཤིས་བཟང་མོ་ལགས་དང་དཔལ་སྐྱིད་ལགས་ཀྱིས་རང་ས་ཆའི་ཁྱད་ཆོས་ཀྱིས་ཕྱུག་པའི་གླུ་བླངས་པ་དང་རྡུང་ལེན་པ་ཚེ་རྡོ་ལགས་ཀྱིས་སྒྲ་སྙན་རྡུང་ལེན་གྱི་གཞས་བཏང་ནས། དེར་འདུས་གཞིས་མགྲོན་ཡོངས་ལ་ངལ་གསོའི་རྟེན་འབྲེལ་བསྒྲིགས།འགོག་ལོ་རོང་གི་ཁེ་ལས་གཉེར་མཁན་མཛངས་མ་པདྨ་མཁའ་འགྲོ་ལགས་དང་སྒྱུ་རྩལ་པ་བསོད་ནམས་སྒྲོལ་དཀར་ལགས། གཡང་ཐར་འབྲོག་སྡེ་ཡི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་འབྲོག་དམངས་ལྷན་ཚོགས་ཀྱི་འགན་འཛིན་རིག་དགའ་ལགས་དང་ཧྲུའུ་ཅི་གཞོན་པ་མཚོ་ལྷ་རྣམ་རྒྱལ་ལགས།རུ་ཁག་དང་པོའི་ལས་སྣེ་བ་བློ་བཟང་ལགས། རུ་ཁག་གཉིས་པའི་ལས་སྣེ་བ་ཚུལ་ཁྲིམས་རྣམ་རྒྱལ་ལགས། རུ་ཁག་གསུམ་པའི་ལས་སྣེ་བ་རྟ་མགྲིན་དབང་འདུས་ལགས་དང་རྩིས་གཉེར་བ་ཀུན་འཕེལ་ལགས་སོགས་ཀྱིས་དཀའ་ཚེགས་ལ་མ་འཛེམས་པར་ངལ་བ་ཁྱད་དུ་བསད་ནས་སྤྲོ་སེམས་ཆེན་པོས་ང་ཚོ་འགོག་ཡུལ་དར་གྱི་ལུང་པའམ་འགོག་ཆུ་ཆེན་དར་ལུང་སུམ་མདོ་སྟེ་འགོག་གླིང་གཉིས་འཁྲུག་སྐབས་གླིང་དམག་གིས་སྒར་བཏབ་ས་དང་།འོམ་ཆེན་ལུང་བའི་སྨད་ཀྱི་བྱང་ངོས་སུ་རྒྱལ་ཁང་གདོང་ཞེས་པ་སྟག་གཟིག་ཁ་སྤྲོད་ཀྱི་དབྱིབས་སུ་ཆགས་པའི་རི་གཟར་བོའི་སྟེང་གི་འགོག་མཁར་དམར་མཁར་བརྩེགས་སམ་སྐྱ་རེངས་གནམ་རྫོང་གི་མཁར་རོ་དང་།རི་དེའི་གཡོན་གཤམ་དུ་ཡོད་པའི་ཆུ་མིག་སྟེ་འགོག་ར་ལོ་སྟོན་པ་རྒྱལ་མཚན་ཚང་གི་བཏུང་ཆུ་ལེན་ས་ཡིན་ཟེར་བའི་འགོག་ཆུ་མིག་དཀར་མོའི་མགོ་ཁུངས་དང་འགོག་མོའི་ཀླུ་ཁང་གི་ཤུལ།གླིང་སྤྱི་དཔོན་ཁྲ་རྒན་གྱི་སྲས་གླེན་པ་ཆོས་རྒྱལ་བཀྲོངས་ས་དང་ཁོང་གི་གདུང་འབུམ་དང་། འབྲི་ཆུ་སྔོན་མོ་འབབ་པའི་གཡས་འགྲམ་ཀླུ་མོ་མཛེས་ལྡན་ཡལ་ག་མི་ཡུལ་དུ་བྱོན་སའི་གནས་ཏེ་མཛེས་ལྡན་མཚོ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱི་བཞུགས་ཁྲི་སོགས་ཤུལ་རྟེན་དང་ངག་རྒྱུན་ཡོད་སའི་གནས་གཙོ་བོ་འགར་ཁྲིད་ཅིང་རེ་རེ་བཞིན་ངོ་སྤྲོད་གནང་ནས།ཉི་མ་དགུང་ནས་ཡལ་ཞིང་གྲིབ་མས་ལ་ཕོག་སྟེ་མུན་པ་ཕྱོགས་ཀུན་འཐིབས་པས་ན།ང་ཚོས་ད་གཟོད་རྟོག་ཞིབ་བྱེད་མཚམས་བཞག་པ་དང་།དགོང་མོའི་ཆུ་ཚོད་བཅུ་པའི་སྐབས་སུ་ཕྱིར་སྐྱེ་རྒུ་མདོ་རུ་འབྱོར། བློ་ཕམ་པ་ཞིག་ནི་ལས་ཀ་གཞན་དག་གི་དབང་གིས་ཕྱི་ཉིན་ང་ཚོ་ངེས་པར་དུ་ཟི་ལིང་ལ་ལོག་དགོས་པས། འགོག་ལོ་རོང་གི་ཤུལ་རྟེན་གཞན་དག་ལ་ཡུལ་དངོས་རྟོག་ཞིབ་བྱ་རྒྱུའི་གོ་སྐབས་ལེགས་པོ་དེ་མི་འདོར་ཀ་མེད་བྱུང་། ལུང་པ་དེ་གཅིག་པུའི་ནང་དུ་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་དང་འབྲེལ་བའི་ལོ་རྒྱུས་ཤུལ་རྟེན་དང་ངག་རྒྱུན་རྗེས་ཤུལ་བརྒྱད་ཅུ་ལྷག་ཡོད་ཟེར་བ་ན་ང་རང་ཧ་ལས་དགོས་པ་བྱུང་སོང་།

འགོག་ར་ལོ་སྟོན་པ་རྒྱལ་མཚན་དང་ཀླུ་མོ་མཛེས་ལྡན་ཡལ་གའམ་འགོག་བཟའ་ལྷ་མོ་སོགས་མི་སྣ་གཙོ་ཡིན་པའི་གེ་སར་རིག་གནས་ཤུལ་བཞག་ནི་ས་ཆ་དེའི་རིག་གནས་རིན་ཐང་དང་བྲལ་བ་ཞིག་ཡིན་པར་མ་ཟད།གངས་ལྗོངས་ཡོངས་དང་འཛམ་གླིང་སྤྱི་ཡི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡང་ཡིན་པས།ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་ཁ་ཞེ་གཉིས་མེད་ཀྱིས་གེ་སར་རིག་གནས་ཀྱི་བང་མཛོད་འདི་ཉིད་སྲུང་སྐྱོབ་བྱ་དགོས་པ་དང་།ད་དུང་གེ་སར་རིག་གནས་གང་མང་གསར་རྙེད་དང་ངོས་འཛིན་དང་སྲུང་སྐྱོབ་དོ་དམ་བཅས་བྱས་ཏེ།མི་རབས་རྗེས་མ་རྣམས་ལ་ངོ་གནོང་མི་དགོས་པའི་ལས་ཀ་ཞིག་གང་ནུས་ཀྱིས་བསྒྲུབ་རྒྱུ་ནི་མིག་སྔའི་འགན་འཁྲི་རེད་ཅེས་ས་ཆ་དེའི་མི་མང་གི་སེམས་སུ་དྲན་གྱིན་ཡོད་པ་ཁོ་ཐག་རེད། ངས་འགོག་ལོ་རོང་གི་སྐྱ་སེར་ཕོ་མོ་ཚོའི་གདོང་ལ་མངོན་པའི་ལྷག་བསམ་དང་ཡིད་ཆེས་ལས་རེ་བའི་ཉམས་མདངས་ཤིག་མཐོང་བྱུང་། །


  • 顶 0