རྨ་སྟོད་རྫོང་ཏང་ཨུ་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་རིམ་པ་དང་པོའི་འཚུབ་བསྟུན་སྔོན་ཇུས་ལག་བསྟར་བྱས།

2021-05-22
0

རྨ་སྟོད་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་རིམ་པ་དང་པོའི་འཚུབ་བསྟུན་སྔོན་ཇུས་ལག་བསྟར་བྱ་བའི་ལས་དོན་ཚོ་ཆུང་ཁག་མངགས་ཏེ་གནོད་འཚེའི་གནས་ཚུལ་ལ་ཞིབ་དཔྱད་དང་རྒུད་སྐྱོབ་སོགས་ཀྱི་ལས་དོན་སྤེལ།

མིག་སྔར་ས་འགུལ་ལས་མི་ཤི་བའི་སྙན་ཞུའི་གནས་ཚུལ་མེད་ལ། ལས་དོན་ཚོགས་ཆུང་ཁག་ཡུལ་ཚོ་དང་གྲོང་རྡལ། སློབ་གྲྭ། སྨན་ཁང་། རྒན་གསོ་ཁང་སོགས་མི་སྣ་གཅིག་འདུས་ས་ཁུལ་དུ་བསྐྱོད་ནས་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ཏེ། འཚུབ་བསྟུན་ཉེན་གཡོལ་བྱ་ཡུལ་དུ་དུས་ཐོག་ཏུ་གནས་སྤོའི་བཀོད་སྒྲིག་ལས་དོན་གཙོ་གནད་དུ་བཟུང་ནས་ལེགས་པོར་བསྒྲུབས་པ་དང་། མི་སྣ་སྒྲིག་འཛུགས་བྱས་ཏེ་རྨ་ཆུའི་མགོ་ཁུངས་ཆུ་གློག་ས་ཚིགས་ཆུ་རགས་ཀྱི་བདེ་འཇགས་ཐད་ལ་ཞིབ་བཤེར་བྱས།

དུས་མཉམ་དུ། གནོད་སྐྱོབ་རས་གུར་གནང་ཞིང་མྱུར་དུ་གནས་སྐབས་མྱུར་སྐྱོབ་ལྟེ་གནས་བཙུགས། འཚུབ་བསྟུན་རྒྱང་སྒྲོག་མ་ལག་བཀོལ་ནས་དུས་ཐོག་ཏུ་ཧ་ཅང་ཚད་ཆེ་བའི་ས་གཤིས་གནོད་འཚེའི་ཉེན་བརྡའི་གནས་ཚུལ་གསལ་བསྒྲགས་བྱས་པ་དང་། སྨྱན་བྱད་དག་སྦྲེལ་ནས་དུས་ཐོག་ཏུ་གནས་ཚུལ་བརྗོད་ཞིང་། དམངས་སེམས་བདེ་ལ་བཀོད། ཆུ་དང་གློག འཕྲིན་གཏོང་སོགས་ལས་ཁུངས་དག་གིས་ནུས་ཤུགས་ཡོད་རྒུས་འཚུབ་བསྟུན་འགན་སྲུང་བྱ་བ་ལེགས་སྒྲུབ་བྱས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དུས་ཐོག་ཏུ་ཏང་ཡོན་གདོང་མཆོང་བ་བཙུགས་ནས། མང་ཚོགས་བདེ་སར་ཁྲིད་ཅིང་འཚུབ་བསྟུན་རས་གུར་འཛུགས་པའི་བྱ་བ་ལེགས་པོར་བསྒྲུབས། ཐོག་མའི་ཞིབ་བཤེར་ལྟར་ན། མི་བཞི་ལ་རྨས་ཕོག་ཡོད་ཅིང་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། དམངས་ཁང་འགའ་ཞིག་རྡིབ་ཡོད་ལ། གུང་ཡུས་མྱུར་ལམ་གྱི་ཡུས་ཧྲུས་ཕྱོགས་ཀྱི་སྤྱི་ལེ509+རྨིད300མཚམས་སུ་མྱུར་ལམ་ཟམ་པ་རྡིབ་འདུག་པས། ཕར་ཚུར་ལ་འགྲོ་ཐུབ་པ་མི་འདུག འཕྲང་དམར་ཟམ་ཆེན་གྱི་མཚམས་དྲུག་རྨིད124ཡོད་པ་ལས། དར་ལག་ནས་མཛོ་རྒན་རྭ་བའི་ཕྱོགས་ནས་མཚམས་གསུམ་རྨིད60རྡིབ་ཡོད་ཅིང་། རླངས་འཁོར་འགྲོ་འོང་བྱེད་ཐབས་མེད་པས་མི་སྣ་རྩ་འཛུགས་བྱས་ཏེ་ཉེན་བརྡའི་བྱང་བུ་བཟོས་ཡོད། མིག་སྔར་རྫོང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་སེམས་ཤུགས་བརྟན་པོར་ཡོད།


                                                                                                      ཡོངས་ཁུངས།   མཚོ་སྔོན་བོད་སྐད་དྲ་ལམ།

  • 顶 0