ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ལི་དང་ཁ་པར་གྲོས་མོལ་མཛད།

2021-04-30
0

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་ཧང་ག་རིའི་ཙུང་ལི་ཨིག་ཨར་པན་དང་ཁ་པར་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཧང་ག་རི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་རྒྱབ་སྐྱོར་བྱས་ཤིང་། རིམས་ནད་འགོག་སྲུང་དང་ལས་ཐོན་སླར་གསོ་སོགས་ཀྱི་ཐད་མཉམ་ལས་བཟང་བོ་སྤེལ་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། ཁྱད་པར་དུ་འགོག་སྨན་ཐད་ནས་མཉམ་ལས་ཟབ་མོ་བྱས་ཏེ་ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་མངོན་པར་བྱས་ནས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བར་བབ་བསྟུན་གསོན་ཤུགས་ལྡན་པར་བྱས་ཡོད་ཅེས་གསུངས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཧང་ག་རི་ཡིས་ཀྲུང་གོའི་བར་མཛའ་མཐུན་སྲིད་ཇུས་ལག་བསྟར་གང་ལེགས་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་ཆེ་ཕྱོགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མུ་མཐུད་དུ་ཧང་ག་རིའི་བར་གྱི་འཐབ་ཇུས་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་བཏང་སྟེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། མཉམ་དུ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱས་ནས། ཀྲུང་གོ་དང་ཧང་ག་རིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་བྱེད་པའི་ཞོར་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཧང་ག་རི་དང་ཟབ་ཞུགས་ཕྱོགས་ཁག་གཞན་པ་དང་མཉམ་དུ། གསར་འབྱེད་གསར་གཏོད་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་བསྟུད་མར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས། 

ཨིག་ཨར་པན་གྱིས་བསྟན་དོན། ཧང་ག་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་བཅོས་དང་ཁྱད་པར་དུ་འགོག་སྨན་ཐད་ནས་མཉམ་ལས་ཟབ་མོ་བྱས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ཧང་ག་རི་ལ་རྒྱབ་སྐྱོར་གང་ལེགས་བྱས་ཏེ་ཧང་ག་རི་ཡིས་རིམས་ནད་འགོག་བཅོས་བྱེད་པའི་ཐད་ནུས་པ་གལ་ཆེན་བཏོན་པར་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། མུ་མཐུད་དུ་ཀྲུང་གོའི་བར་འགོག་སྨན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད། ཧང་ག་རི་ཡིས་ཧང་ག་རི་དང་སེ་ཕུའུ་ལུའུ་སིའི་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་འདོད་ཡོད་ཟེར། །

                                                                                                      ཡོངས་ཁུངས།  མཚོ་སྔོན་བོད་སྐད་རླུང་འཕྲིན།

  • 顶 0