གནས་ཆེན་རྡོ་རྗེ་སྲིན་རྫོང་རྒྱལ་མོ།

2021-03-18
0

༄༅།།གནས་ཆེན་རྡོ་རྗེ་སྲིན་རྫོང་རྒྱལ་མོ།

       སྔོན་ཚེ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ།  །བཀའ་དང་དམ་ལ་གནས་པའི་མ་མོ་ཆེ། །རྡོ་རྗེའི་བཀའ་བསྲུང་ཌྰ་ཀི་ཡོངས་ཀྱི་གཙོ། །སྲིན་པོ་འདུལ་བའི་རྫོང་དུ་གནས་བཅས་སོ།  །མདོ་སྨད་འབྲི་ཀླུང་འབབ་པའི་ཤར་ཕྱོགས་སུ།  །ཁམས་ཀྱི་སྲིང་མོ་རྫོང་གི་གནས་མཆོག་ཏུ།  །ས་འཛིན་པདྨ་བཀྲམ་པ་ལྟར་གནས་པའི།  །རྡོ་རྗེ་ལྷ་མོ་འཁོར་བཅས་མཆོད་ཅིང་བསྟོད།  །ཅེས་མཆོད་བསྟོད་སྔོན་དུ་བཏང་ནས་མདོ་སྨད་འབྲི་ཀླུང་བཞུར་བའི་ཤར་ཕྱོགས་ཉི་ཟླའི་གསེང་ལམ་ནས་སྔོན་ཚེ་བཅོམ་ལྡན་རྡོ་རྗེ་གཞོན་ནུའི་བཀའ་ཡི་དཀྱིལ་འཁོར་ཆེན་མོ་ཞལ་ཕྱེས་ཤིང་དམ་ལ་གནས་པའི་རྡོ་རྗེ་ཁྲག་འཐུང་མ་མོ་བྱེ་བའི་ཚོགས་སུ་ཁས་བླངས་བའི་མདོ་ཁམས་སྨད་ཀྱི་གནས་བདག་ཆེན་མོ་སྲིན་རྫོང་རྒྱལ་མོ་ཞེས་འཛམ་གླིང་ས་ཡི་དཀྱིལ་འཁོར་ཀུན་ཏུ་ཡོངས་སུ་གྲགས་ཤིང་སྡེ་དགེའི་ཤར་ཕྱོགས་ལ་བཞིའི་མཚོན་པའི་ཡུལ་གྲུ་ཤར་ཕྱེས་ལྷོ་སྤུངས་ནུབ་འདེམས་བྱང་སྐྱབས་པ་སོགས་སའི་སྐལ་ཆེན་བཞི་དང་ལྡན་ཞིང་།  ཤར་ནས་ དྭངས་གཙང་གསེར་གྱི་བྱེ་མ་འདྲེན་པའི་དྲག་ཞུན་སྤེལ་མའི་ཁྲོམ་ཆུའི་འབབ་རྒྱུན་གཡས་སུ་བཞུར་ཞིང་།  རབ་ཏུ་བརྗིད་པའི་བྲག་རིའི་ཁང་ཟང་མཁའ་ལ་བསྙེགས་ཤིང་མངོན་སྤྱོད་དྲག་པོའི་ཕྲིན་ལས་བསྒྲུབ་པའི་གཏོར་གཟུགས་ཀྱི་དབྱིབས་སུ་གྲུབ་པ།  རྡོ་རྗེའི་གནས་མཆོག་མཐོང་གྲོལ་ཆེན་མོ་འདི་ཉིད་ཕྱི་ལྟས་ས་དབྱིབ་དང་ཆགས་གནས་ཐར་པ་ཆེན་པོའི་སྒོ་མཚོན་པའི་མ་རྒྱུད་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་རང་བཞིན་གྱིས་གྲུབ་པ་དང་།  གཏེར་སྟོན་རིག་འཛིན་ཆེན་པོ་ཉི་མ་གྲགས་པ་སོགས་གྲགས་ཤིང་གྲུབ་པ་བརྙེས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་རྫུལ་འཕྲུལ་འགྲན་པའི་ཕྱག་ཞབས་ཀྱི་རྗེས་དང་།  འབྲུ་གསུམ་ས་བོན་གྱི་རང་བྱོན་སོགས་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་ངོ་མཚར་གྱི་བཀོད་པ་དུ་མ་དང་ལྡན་པ།  གནས་རི་འདི་ལས་སྐུ་གསུང་ཐུགས་སོགས་བསྟན་གསུམ་གྱི་གཏེར་རང་བྱུང་དུ་རྡོལ་ཞིང་།  ཚང་ཚིང་ནགས་ཀླུང་སྟུག་པོའི་ཙནྡན་གྱི་ལྗོན་པ་དང་གསེར་ཤིང་གསེར་ལོ་འབར་བའི་སྟག་པ་དང་།  དངུལ་ཤིང་དངུལ་ལོ་རྒྱས་པའི་འབོལ་ལོ་།  དུང་ཤིང་དུང་ལོ་བཀྲ་བའི་སུར་དཀར་སོགས་དྲི་བཟང་བདུག་པའི་སྤྲིན་ཕུང་ཕྱོགས་མཐར་གཏིབ་པ།  དད་ལྡན་འགྲོ་བ་མི་ཡི་རིགས་ཀྱིས་བཅོ་ལྔ་དང་གནམ་སྟོང་སོགས་དུས་ཀྱི་འགྱུར་ཁྱད་དང་བསྟུན་པའི་རླུང་རྟ་དང་ལྷ་བསང་སོགས་དཀར་པོ་དགེ་པའི་སྟོང་གྲོགས་མཆོད་བསྟོད་ཀྱི་ལས་ལ་གཞོལ་ཞིང་།  ཕྱག་དང་བསྐོར་བ་སོགས་འདུས་ཚོགས་སྟོང་ལས་རྒལ་བས་སྲོལ་རྒྱུན་དགེ་ཕྱོགས་ཀྱི་བསྐུལ་མ་འདེབས་པ།  གནས་ཆེན་འདིར་རི་སྐྱེས་སྲོག་ཆགས་གྲངས་ལས་འདས་ཤིང་སྟག་གཟིག་དམ་དྲེད་སོགས་རྒྱུག་ཅིང་འཆོང་བའི་ངར་སྐད་འབྱིན་ཞིང་།  ཤ་རྣ་དགོ་གསུམ་གྱི་རྭ་རྩེད་དང་འཕར་ལྡིང་གི་གར་ལ་རོལ་བ།  བྱ་གག་དང་འཇོལ་མོ་ཁུ་བྱུག་སོགས་མགྲིན་པའི་གདངས་ལས་དཀྲོལ་བའི་རོལ་དབྱངས་ཐོས་འཛིན་བདུད་རྩིའི་དཔལ་དུ་བསྒྱུར་ཞིང་།   པྲ་དང་པྲེའུས་ཡོངས་རྩལ་འགྲན་ཞིང་ཀུན་ཀྱང་འཚེ་མེད་རང་དགར་བག་ཡངས་སུ་རྒྱུ་བའི་སྐལ་བ་དང་ལྡན་པ།   བྲག་རིའི་ཁོངས་གསེང་ནས་རང་བྱུང་དུ་རྡོལ་པའི་གཙང་ཆབ་བདུད་རྩི་ཟེག་མའི་ཆུ་རྒྱུན་ལྷུང་ལྷུང་དུ་འབབ་ཅིང་།  བདག་པོའི་ཡོངས་སུ་མ་བཟུང་བའི་ཚོད་རུག་སྔོ་ཚལ་དྲི་བཟང་བྲོ་བ་ཡིས་སྡེབ་པའི་སྐྱེ་དངོས་སྣ་ཚོགས་དང་།  ནགས་ཤ་དང་སྤང་ཤ་སོགས་བརྩོལ་མེད་རོ་བརྒྱའི་ཞལ་ཟས་རང་བྱུང་དུ་རྡོལ་བར་འཚོ་བའི་བགོ་སྐལ་རང་བཞིན་བརྩོལ་མེད་ཀྱིས་བསྩལ་བ།  བསིལ་འཇམ་དལ་བུར་ལྡང་བའི་རླུང་གིས་དཔྱིད་གསུམ་ནམ་ཟླའི་བདེ་དྲོད་རང་བྱུང་དུ་འབར་བས་སྐྱེ་དངོས་རྩི་ཤིང་ལྗོན་པར་གསོན་ཤུགས་བརྟས་ཤིང་ཡལ་འདབ་དང་ལོ་མ་རྒྱས་པའི་ཚེ་སྲོག་སྦྱིན་པ།   དབྱར་གསུམ་སྦྲང་ཆར་ཟིལ་མའི་འདོད་པ་འཇོ་ཞིང་མེ་ཏོག་སྣ་ཚོགས་ཀྱི་འདབ་རྒྱ་ལྷུག་པར་བཞད་དེ་ནམ་མཁའི་རྒྱུ་སྐར་ས་ལ་འཕོས་པ་ལྟར་བཀྲག་མདངས་འཕྲོ་ཞིང་རི་ཀླུང་གཡུ་གཞོང་གི་ཐང་མར་བརྡལ་བས་གནས་ཆེན་སྲིང་མོ་རྫོང་གི་བྲག་རིའི་ཁང་བཟང་བདེ་བ་ཆེན་པོའི་ཞིང་ཁམས་ཀྱི་རང་ཉམས་སུ་གྲུབ་པ། རྡུལ་བྲལ་དྲི་མེད་མཁའ་དབྱིངས་བནྜུརྱ་ཡི་འོད་དུ་འཚེར་བའི་དྭངས་བསིལ་ཆུ་ཤེལ་དབང་པོའི་གཟི་མདངས་ལས་གྲོལ་བའི་དྭངས་གཙང་མཁའ་དབུག་གསར་པའི་སྟོན་གསུམ་གསེར་མདོག་གི་ནོར་འཛིན་སྐྲུན་ཞིང་སྨན་གྱི་ལྗོན་པའི་ཡལ་འདབ་ཁུར་གྱིས་དུད་པའི་འབྲས་བཟང་དུས་སུ་སྨིན་པའི་བསོད་ནམས་ཀྱི་བགོ་སྐལ་རྫོགས་ལྡན་གསར་པའི་ལོངས་སྤྱོད་ཀྱི་འཚོ་བ་ལ་རོལ་བ།   རེག་འཇམ་བདེ་དྲོད་རང་འབར་ཤིང་བལ་ཁ་དོག་སྣ་ཚོགས་ཀྱི་དར་ཐག་དང་ལྡ་ལྡི་བླ་རེ་སོགས་བྲེས་པའི་གནས་ཆེན་གཞལ་མེད་ཁང་གི་རྒྱན་བཀོད་ཀྱིས་སྤུད་པའི་དགུན་གསུམ་གྲང་ངར་དང་ལྷག་རླུང་རང་བཞིན་གྱི་ཞི་བ།  གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་འཇུ་མི་ཕམ་འཇམ་དབྱངས་མཁྱེན་བརྩེ།  ས་སྐྱའི་བདག་ཆེན་རིན་པོ་ཆེ་སོགས་མཁས་གྲུབ་དུ་མས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་གནས་ཆེན་རྡོ་རྗེ་སྲིན་རྫོང་རྒྱལ་མོའི་ངོ་སྤྲོད་མདོ་ཙམ་སྨོས་ཟིན་ཏོ།  །


  • 顶 0