སི་ཁྲོན་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས།

2021-02-08
0

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས4ཉིན་གསར་འགོད་པས་སི་ཁྲོན་འགྲིམ་འགྲུལ་མ་འཇོག་སྡེ་ཚོགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དེ་ཉིན་ཤས་གོང་རྒྱལ་ཡོངས་ཀྱི་གྲོན་བསྡུའི་འཕྲིན་སྦྲེལ་མ་ལག་ནང་བཅུག་ནས་ལམ་ཐག་ཧྲིལ་པོ་ཤར་གཏོང་བྱས། ཁྲེང་ཏུའུ་ཡི་གྲོང་སྐོར་མྱུར་བགྲོད་གཞུང་ལམ་ནས་མགོ་བཙུགས་ཏེ་དུས་ཚོད3.5ཙམ་ནང་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ལྟེ་བ་འབར་ཁམས་གྲོང་ཁྱེར་དུ་འབྱོར་བ་ཡིན་ལ། དེ་ཤར་གཏོང་མ་བྱས་གོང་ལས་དུས་ཚོད་ཕྱེད་ཀའི་ཇེ་ཐུང་དུ་བཏང་ནས་རྔ་བ་བོད་རིགས་ཆའང་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།

ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་དེ་སི་ཁྲོན་འགྲིམ་འགྲུལ་མ་འཇོག་སྡེ་ཚོགས་བོད་ཁུལ་མྱུར་བགྲོད་གཞུང་ལམ་ཀུང་སིས་མ་འཇོག་བྱས་ནས་བསྐྲུན་པ་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ172ཡོད་པ་དང་ཝུན་ཁྲོན་རྫོང་མཁར་གྱི་ལྷོ་ཕྱོགས་སུ་མགོ་ཚུགས་ནས་དབྱིང་ཞིའུ་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་དང་འབྲེལ་ཡོད་ཅིང་། འབར་ཁམས་གྲོང་ཁྱེར་གྱི་ཤར་ཕྱོགས་བར་ཡིན་ལ། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད86.5%ཟིན་ཡོད། རགས་རྩིས་བྱས་ན་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར287ཙམ་བཏང་བ་དང་དུས་ཚོད་རེའི་མྱུར་ཚད་སྤྱི་ལེ80ཇུས་འགོད་བྱས་ཡོད།

རྣམ་གྲངས་དེ་སི་ཁྲོན་གཤོངས་སའི་རི་ཁུལ་ནས་མཚོ་བོད་ས་མཐོའི་བར་བརྒལ་ཁུལ་དུ་གནས་པ་དང་ལམ་རྒྱུད་དུ་གྲོག་རོང་མང་བ་དང་། ས་བབ་གཡང་གཟར་ཆེ་བ། བགྲོད་ལམ་གུ་དོག་པ། རི་རྩེ་དང་ལུང་གཞུང་གི་མཐོ་དམན་སྨི3000ནས4000བར་ལ་སླེབས་ཡོད་པ། ལམ་རྒྱུད་ཀྱི་ས་བབ་མཐོ་ཚད་སྨི1320ནས་སྨི3225བར་མཐོ་རུ་ཕྱིན་པ་དང་དེ་ནས་སླར་ཡང་སྨི2600བར་ཆག་ཡོད་པས“སྤྲིན་ཐོག་གི་མྱུར་བགྲོད་གཞུང་ལམ”ཞེས་བརྗོད་ཆོག

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་རིང་ལམ་དུམ་བགོས་ནས་རླངས་འཁོར་ཤར་གཏོང་བྱས་པ་དེས་རྔ་བ་ཁུལ་གྱི་རིག་གནས་ཡུལ་སྐོར་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད། རྔ་བ་ཁུལ་རིག་གནས་ལུས་རྩལ་དང་ཡུལ་སྐོར་ཅུས་ཀྱིས་མཁོ་འདོན་བྱས་པའི་གཞི་གྲངས་ལས་མངོན་པར། 2020ལོར་ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི3604.01སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར301.14མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་སོ་སོར14.15%དང32.32%འཕར་ཡོད།

ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དེས་རྔ་བ་ཁུལ་གྱི་ལྟེ་བའི་གྲོང་ཁྱེར་འབར་ཁམས་དེ་ཁྲེང་ཏུའུ་ཡི་དུས་ཚོད3.5ཡི་དཔལ་འབྱོར་ཚོམས་སུ་ཞུགས་ནས་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར(ཁུལ)21གི་སྲིད་གཞུང་གནས་ཡུལ་དུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་མངོན་འགྱུར་བྱུང་ཡོད། ཝུན་ཁྲོན་ནས་འབར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ་ནི་སི་ཁྲོན་གྱིས་བོད་ལྗོངས་དང་། མཚོ་སྔོན། ཞིན་ཅང་བཅས་ལ་འབྲེལ་མཐུད་བྱེད་པའི་ཕྱིར་བགྲོད་ལམ་ཆེན་ཞིག་དང་ནང་ལོག་ནས་རྔ་བ་ཁུལ་གྱི་བོད་རིགས་དང་ཆའང་རིགས་ས་ཁུལ་དུ་སྐྱོད་པའི་འཐབ་ཇུས་ཀྱི་བར་ཁྱམས་ཆེན་པོ་ཡིན་པ་རེད། །


  • 顶 0