ཡུན་ནན་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་བཏོན་པ།

2020-04-28
0

༡༡༡༡༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡིས་རྒྱ་ཆེའི་ཡུལ་སྐོར་བ་ཚོ་སེམས་ཀྱི་ཉི་ཟླར་དགའ་ཞིང་སྤྲོ་བའི་འགྲུལ་བཞུད་ཐེངས་གཅིག་བྱ་ཆེད། ཡུལ་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ཆེན་པོ་གསུམ་བཏོན་པ་སྟེ།

གཅིག་ནི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་གི་སྤ་སེའི་རིན་གོང50%གཅོག་རྒྱུ།

རིམས་ནད་ཐོན་རྗེས་ཀྱི་ཡུལ་སྐོར་ཁྲོམ་རར་ཡང་བསྐྱར་གསོན་ཤུགས་རྒྱས་པར་བྱ་ཆེད། ཟླ4པའི་ཚེས1ཉིན་ནས་བཟུང་། སྲིད་གཞུང་གི་མཛུབ་སྟོན་རིན་གོང་ལག་བསྟར་བྱེད་པའིA4རིམ་པ་ཡན་གྱི་མཛེས་ལྗོངས་ཁུལ(པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དང་། སྟག་མཆོང་འགག་མཛེས་ལྗོངས་ཁུལ། ཁ་བ་དཀར་པོ་མཛེས་ལྗོངས་ཁུལ། སྲོང་བཙན་གླིང་མཛེས་ལྗོངས་ཁུལ། འབའ་ལྷག་དཀར་རྫོང་མཛེས་ལྗོངས་ཁུལ་སོགས)གྱི་སྤ་སེའི་རིན་གོང2020ལོར50%གཅོག་རྒྱུ་ཡིན་པ་རེད།

༢༢༢༢༢.jpg

༣༣༣༣.jpg

གཉིས་ནི་ཁུལ་ནང་ཁུལ་དུ་སྒེར་འཁོར་བསྐོར་ནས་ཡུལ་སྐོར་བྱེད་སྐབས་དཀའ་ཁག་འཕྲད་ཚེ་རིན་མེད་ངང་རོགས་སྐྱོབ་བྱ་རྒྱུ་ཡིན་པ།

ཆ་སྙོམས་ས་བབ་མཐོ་ཚད་སྨི3459ཟིན་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཁོངས་ཀྱི་ས་དབྱིབས་ལ་རི་ཁུལ་དང་། མཐོ་སྒང་། གཤོང་ས། ལུང་གཞུང་སོགས་ཡོད་ལ། འདི་ལྟ་བུའི་ས་དབྱིབས་ལས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་ལམ་མང་ཆེ་བ་རི་བསྐོར་ནས་མི་བསྐྲུན་ཐབས་མེད་བྱུང་ཡོད་པས། སྒེར་འཁོར་བསྐོར་ནས་ཡུལ་སྐོར་བྱེད་མཁན་ཚོར་དཀའ་ཁག་བཟོས་ཡོད། ཉིན་དེ་ནས་བཟུང་། བདེ་ཆེན་ཁུལ་ཁོངས་སུ་སྒེར་འཁོར་བསྐོར་ནས་ཡུལ་སྐོར་བྱེད་སྐབས་རླངས་འཁོར་ལ་གནད་དོན་གང་བྱུང་ཡང་ཁ་པར་བརྒྱབ་ན་ནམ་ཡང་རིན་མེད་རོགས་སྐྱོབ་ཞབས་ཞུ་ལོངས་སུ་སྤྱད་ཆོག

༤༤༤༤༤.jpg

གསུམ་ནི་གྲོང་ཁུལ་གྱི་ཡུལ་སྐོར་བར་རིན་མེད་ངང་གསོ་རླུང་མཁོ་འདོན་བྱ་རྒྱུ།

ས་བབ་མཐོ་ཁུལ་དུ་རླུང་གནོན་ཅུང་དམའ་བ་དང་གསོ་རླུང་མང་པོ་མེད་པའི་རྐྱེན་གྱིས་ཡུལ་སྐོར་བར་གསོ་རླུང་དཀོན་པའི་སྣང་ཚུལ་ཐོན་སྲིད། ལྷག་པར་ཏུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཉེ་འགྲམ་དུ་གསོ་རླུང་ནི་ཡུལ་སྐོར་བ་མང་ཆེ་བའི་གྲ་སྒྲིག་བྱེད་དགོས་ངེས་ཤིག་ཏུ་གྱུར་ཡོད། གསོ་རླུང་གྲ་སྒྲིག་བྱས་མེད་པའི་ཡུལ་སྐོར་བར་དམིགས་ནས་བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡིས་སེམས་ཀྱི་ཉི་ཟླའི་གྲོང་ཁུལ་དུ་ཡོང་མཁན་ཡུལ་སྐོར་བ་ཚང་མས་སེམས་ཀྱི་ཉི་ཟླ་མི་དམངས་སྨན་ཁང་དུ་རིན་མེད་གསོ་རླུང་རྔུབ་ཆོག་ཅེས་ཡོངས་བསྒྲགས་བྱས་པ་རེད། 

༥༥༥༥༥.jpg

༦༦༦༦.jpg


  • 顶 0