ཏུན་ཧོང་ལ་གནས་མཇལ་དུ་བསྐྱོད་པའི་ཟིན་བྲིས།

2020-03-05
0

ཏུན་ཧོང་གྲོང་ཁྱེར་ནས་ཅུང་ཙམ་བསྐྱོད་མཐར། ང་ཚོ་དངོས་ནས་ཏུན་ཧོང་མོ་ཀོ་ཁུག་གམ་སངས་རྒྱས་སྟོང་གི་བྲག་ཕུག་ལ་འབྱོར་བྱུང་།   རིག་གནས་སྒྱུ་རྩལ་གྱི་གཏེར་མཛོད་དུ་གྲགས་པའི་མོ་ཀོ་བྲག་ཕུག་ནི་བྱེ་མའི་ཐང་ཆེན་གྱི་ཁོད་ཡངས་པའི་ལུང་ཁོག་ཅིག་ཏུ་ཆགས་འདུག   ལུང་བའི་མཐིལ་གྱི་གྲམ་པ་སྐམ་པོའི་འགྲམ་གྱི་ཕར་ཕྱོགས་ཀྱི་ལྗོན་ཤིང་གཡུ་ལོའི་ཚོགས་མ་གཏོགས་ལུང་ཁོག་འདིར་རྩྭ་དང་རྩི་ཤིང་གི་རིགས་ཤིག་བཙལ་དཀའ་བའི་ཚོད་དུ་སྣང་། ལྗོན་པའི་གསེབ་ནས་ཕར་ཕྱོགས་ཀྱི་རི་བོའི་ངོས་ཀྱི་བྲག་ཕུག་རེ་འགའ་མཐོང་ཐུབ་ལ།  བྲག་ཕུག་དང་བར་ཐག་མི་རིང་བའི་མདུན་ངོས་སུ་མཐོ་ཞིང་རྔམས་པའི་བྱེ་མའི་རི་རྒྱུད་རིང་མོ་ཞིག་སྟོད་ནས་ཐུར་དུ་འཁྱུད།  བྱེ་མའི་རི་རྒྱུད་ཀྱི་ངོས་སུ་རི་ཚོགས་མང་པོ་གཅིག་ལས་གཅིག་མཐོ་དང་གཅིག་ལས་གཅིག་མཛེས་ཀྱི་ཚུལ་དུ་རྣམ་པར་འགྱིངས་ཤིང་རི་ངོས་སུ་ལྷ་ཁང་རེ་འགའ་ཡང་མཐོང་།  རི་འདབས་དང་ལམ་འགྲམ་སོགས་སུ་ས་དཀར་གྱིས་བཞེངས་བའི་མཆོད་རྟེན་དེ་དག་གི་དབྱིབས་གཟུགས་ནི་རང་རེའི་བོད་ཁུལ་དང་རྒྱ་ལུགས་ཀྱི་བཞེངས་དབྱིབས་དང་མི་འདྲ་བའི་རྣམ་པ་ཁྱད་པ་ཅན་ཞིག་ཏུ་མཐོང་།  

འཇམ་མགོན་ས་པཎ་མཆོག་གིས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་གསུངས་པ་ནི་ལེགས་བཤད་ཀྱི་དྭངས་མར་འཁུམས་ཏེ།  ཏུན་ཧོང་གི་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་སྙན་པའི་གྲགས་པས་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་ཡུལ་སྐོར་སྤྲོ་འཆམ་པ་གྲངས་མེད་ཅིག་བུང་བའི་ཚོགས་རྣམས་ཟིལ་མངར་མེ་ཏོག་གི་སྦྲང་བཅུད་ལ་འཁོར་བ་བཞིན་མ་བོས་རང་འདུས་བརྒྱབ་འདུག  ཕྱོགས་སོ་སོའི་འགྲུལ་བ་དག་དང་མཉམ་དུ་བདེ་ཞིང་སྙོམས་པའི་གཞུང་ལམ་གྱི་འགྲམ་བརྒྱུད་ནས་ཕར་ཕྱོགས་ཀྱི་བྲག་ཕུག་ཕྱོགས་སུ་བསྐྱོད་དུས། ཟེགས་མ་དང་བྱེ་མས་ཚོགས་ཀྱིས་ཁེངས་བའི་རྐང་འོག་ནས་ཧྲུག་སྒྲ་ཆུང་ངུ་ཞིག་གོམ་པའི་རྡོག་འགྲོས་དང་བསྟུན་ནས་བར་མེད་དུ་མཆེད།  ཟམ་པའི་ཕར་ཕྱོགས་ན་ཚོན་རིས་སྣ་ཚོགས་ཀྱིས་བྱུག་པའི་སྒོ་ཆེན་ཞིག་ཀྲོང་ངེར་འགྱིངས།  སྒོ་བྱང་སྟེང་དུ་རྒྱ་ཡིག་གི(石室寶藏)ཞེས་ཡིག་འབྲུ་ཆེན་པོ་བཞི་བྲིས་འདུག་པ་ནི་རྒྱའི་རང་མོས་སྙན་ངག་གི་སྲོལ་འབྱེད་མཁན་སྐུ་ཞབས་ཀུའོ་མོ་རོ་ལགས་ཀྱི་ཕྱག་བྲིས་ཡིན་པར་བཤད།  སྒོ་ཆེན་དེའི་ནང་ལོགས་སུ་བསྐྱོད་རྗེས་མདུན་ཕྱོགས་ཀྱི་བར་ཐག་མི་རིང་བའི་བྲག་ངོས་ན་ཆེ་ཆུང་མི་འདྲ་བའི་བྲག་ཕུག་གི་ཚོགས་མང་དུ་འདུག་པ་ནི།  མཚན་སྙན་འཛམ་གླིང་ལ་གྲགས་པའི་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་བང་མཛོད་དུ་འབོད་པའི་ཏུན་ཧོང་བྲག་ཕུག་ཡིན་པ་ནི་གཞན་གྱིས་མ་བཤད་ཀྱང་ཤེས་ཐུབ།  

  • 顶 0