ལོ་ངོ་སྟོང་ལ་ཉེ་བའི་གངས་ལྗོངས་རྡོ་རྗེ་གདན་དཔལ་ས་སྐྱ་དགོན།

2016-09-27

ས་སྐྱ་དགོན་པའི་རྒྱབ་རི།

  མཚན་རྒྱས་པར།  འཛམ་གླིང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་དཔལ་ས་སྐྱའམ་གངས་ལྗོངས་རྡོ་རྗེ་གདན་དཔལ་ས་སྐྱ་ཞེས་ཞུ།  གཞིས་རྩེ་བཀྲིས་ལྷུན་དགོན་ནས་སྣར་ཐང་བརྒྱུད་རྒྱ་མཚོ་ལ་བརྒྱབ།  དེ་ནས་ས་སྐྱའི་ཕྱོགས་སུ་ཁྱོན་སྤྱི་ལེ ༢༥༠ ཙམ་སོང་ན་དགོན་དེར་སླེབས་ཀྱི་ཡོད།  དགོན་དེ་ནི་ཐོག་མར་སྤྱི་ལོ ༡༠༧༣ ལོར་འཁོན་དཀོན་མཆོག་རྒྱལ་པོས་ཕྱག་བཏབ་གནང་མཛད།  འཁོན་ཞེས་པ་ནི་འོད་གསལ་ལྷ་ཡི་གདུང་རྒྱུད་མ་སང་སྤུན་བདུན་ལས་མཆེད་ཅིང་།  དེ་ནས་གཡའ་སྤངས་སྐྱེས་ཀྱིས་སྲིན་པོ་སྐྱ་རེངས་ཁྲག་མེད་བཏུལ།  ཆུང་མ་གཡའ་འཁྲུབ་སི་ལི་མ་ཁབ་ཏུ་བཞེས་པ་ལས་སྲས་གཅིག་འཁྲུངས་པ་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པས་འཁོན་བར་སྐྱེས་སུ་གྲགས།  དེ་ནས་བཟུང་འཁོན་ཞེས་པའི་རིགས་རུས་བྱུང་བ་ཡིན།  དེའང་ས་སྐྱའི་གདན་ས་ཆུ་ལྷོ་བྱང་གཉིས་སུ་ཕྱེ་བ་ལས།  འཁོན་དཀོན་མཆོག་རྒྱལ་པོས་ཐོག་མར་ཆུ་བྱང་དུ་དབུ་རྩེ་གཙུག་ལག་ཁང་བཏབ།  རིམ་བཞིན་རྒྱ་བསྐྱེད་བྱུང་སྟེ་འདུ་ཁང་ཀ་བ ༨༠  གཙང་ཁང་སྦུག་མར་ས་སྐྱ་གོང་མ་གྲགས་པ་རྒྱལ་མཚན་གྱི་ནང་རྟེན།  རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་ཕྱག་བཟོ།  ངོ་མཚར་རྟེན་བཞིའི་ཡ་རྒྱལ་འཇམ་དབྱངས་གཟི་འོད་འབར་བ་གཙོ་བོར་གྱུར་པའི་རྟེན་སྐུ་དང་།  མཐའ་འཁོར་དུ་ས་ཆེན་གོང་མ་རྣམ་ལྔའི་གསུང་འབུམ་བཞུགས་པའི་ཀུན་དགའ་ར་བ།  འདུ་ཁང་ནང་ས་པཎ་གྱི་བཞུགས་ཁྲི་དང་སྐུ་བེར་ལ་སོགས་པ་དང་།  གཞན་ཡང་བཞི་ཐོག་བླ་བྲང་དང་།  རིན་ཆེན་སྒང་བླ་བྲང་།  དུས་མཆོད་བླ་བྲང་།  ལྷ་ཁང་བླ་བྲང་བཅས་དང་།  དབུ་རྩེའི་ནུབ་ཏུ་རྣམ་རྒྱལ་ལྷ་ཁང་།  དེའི་བྱང་དུ་ཤག་ཚང་ཤར་ནུབ།  དེ་ནས་དགའ་ལྡན་ལྷ་ཁང་།  གཡུ་ཐོག་ལྷ་ཁང་།  དེ་ནས་འགྲོ་མགོན་འཕགས་པའི་འབུམ་ཐང་ལྷ་ཁང་།  བསེ་ཁྲབ་པའི་མགོན་ཁང་།  སྨུག་ཆུང་ཞེས་ཤུགས་ལྡན་གྱི་མགོན་ཁང་།  བཀྲས་རྩེག་བླ་བྲང་།  ཞལ་གྲོ་ལྷ་ཁང་།  དགེ་འཕེལ་ལྷ་ཁང་།  ཉི་བདེ་ལྷ་ཁང་།  ཞབས་བརྟན་ལྷ་ཁང་།  རྫོང་ཆུང་ལྷ་ཁང་།  ནང་བཟོ་མགོན་ཁང་།  སྤྲོ་ཁང་བླ་བྲང་།  འཕེལ་རྒྱས་བླ་བྲང་།  བྲང་མོ་ཆེ་བླ་བྲང་།  ཆོས་ཁྲི་བླ་བྲང་།  སྒང་དགའ་ཤར་ནུབ་གཉིས།  གསུང་རབ་ལྷ་ཁང་།  ཐུབ་དབང་དོན་ཡོད།  མངོན་དགའ་བདེ་ཆེན།  གསང་བའི་མགོན་ཁང་།  གསང་སྔགས་ཚོགས་ཁང་།  དམར་པོ་སྐོར་གསུམ་ལྷ་ཁང་།  ལྷ་མགོན་བཞུགས་པའི་ལྷ་ཁང་སོགས་མདོར་ན་ཆུ་བྱང་ཁོ་ནར་ལྷ་ཁང་ ༡༠༨ ཙམ་ཡོད་ཅེས་གསུངས།
  དེ་ནས་སྤྱི་ལོ ༡༢༦༢ ལོར་འགྲོ་མགོན་ཆོས་འཕགས་ཀྱི་བཀའ་བཞིན་དཔོན་ཆེན་ཤཱཀྱ་བཟང་པོས་བོད་ཁྲི་སྐོར་བཅུ་གསུམ་བསྐུལ་ཏེ་ཆུ་ལ་ལྷོ་རྒྱུད་དུ་ད་ལྟའི་ལྷ་ཁང་ཆེན་མོ་ཞེས་པའི་གཙུག་ལག་ཁང་དེ་དང་།  ལྕགས་རི་ཆེན་མོའི་ཟུར་བཞིར་ལྕོག་སྤེལ་བཅས་པ་ཨར་ལས་བསྒྲུབ་ལ་ཉེ་བར་དཔོན་ཆེན་ཤཱཀྱ་བཟང་པོའི་སྐུ་ཚེའི་འཕེན་པ་རྫོགས།  དེ་ནས་ནང་གཉེར་པ་སྣམ་ཀུན་དགའ་བཟང་པོ་དཔོན་ཆེན་ལ་བསྐོས་ཏེ་གཙུག་ལག་ཁང་གི་སྤན་པད་དང་།  ལྕགས་རི་ཕྱི་ནང་བར་གསུམ།  ཟུར་ལྕོག་བརྒྱད་བཅས་ཀྱི་མཇུག་བསྐྱངས།  དེ་ནས་དཔོན་ཆེན་ཨང་ལེན་དུས་གཙུག་ལག་ཁང་གི་རྒྱ་མཐོང་ཀ་རིང་བརྒྱད་བཙུགས།  ཐིག་ཁང་གི་ལྡེབས་རིས་སུ་འགྲོ་མགོན་གྱི་བཀའ་བཞིན་ཡི་དམ་ཁག་གི་དཀྱིལ་འཁོར ༡༣༩ བཞེངས།  དབོན་པོ་རི་འདབས་ནས་ལྕགས་རི་ཆེན་པོའི་ཐོག་ཐོ་ཚད་མ་བསྐོར་བཤུལ་ད་ལྟའང་མཐོང་རྒྱུ་ཡོད།  ལྷ་ཁང་ཆེན་མོར་ཐོག་མར་ཀ་བ ༡༠༨ ཡོད་པ་ལ་སྤྱི་ལོ ༡༩༤༨ ལོརགོང་མ་ཁྲི་ཐོག་སོ་དྲུག་པ་བདག་ཆེན་ངག་དབང་མཐུ་སྟོབས་དབང་ཕྱུག་གིས་བར་བཅད་བསྐྱོན་ཏེ་འདུ་ཁང་ཆེན་མོ་དང་།  དངུལ་གདུང་རིག་འཛིན་ལྷ་ཁང་།  ཕུར་པ་ལྷ་ཁང་།  དཔེ་མཛོད་ཁང་སོགས་ད་ལྟ་མཇལ་བ་འདི་ལྟར་དབྱེར་གནང་མཛད།  ལྷ་ཁང་ཆེན་མོར་ས་པཎ་གྱི་ནང་རྟེན་ཐུབ་དབང་འཛམ་གླིང་གཡས་བཞག་སྐུ་རྒྱུ་ལི་སེར་ལས་གྲུབ་པ་ཁྲི་རྒྱབ་ཡོད་དང་བཅས་ལྷ་ཁང་ཆེན་མོའི་ཐོག་དང་མཉམ་པ་དང་།  དེའི་གཡས་སུ་ཆོས་རྒྱལ་འཕགས་པའི་ནང་རྟེན་ཐུབ་དབང་དཔལ་འབར་མ་ཁྲི་རྒྱབ་ཡོལ་དང་བཅས་སྐུ་ཚད་གོང་མཚུངས།  དེའི་གཡས་ན་ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་ནང་རྟེན་སྐུ་རྒྱུ་གསེར་ཟགས་ལས་གྲུབ་པའི་ཐུབ་དབང་རིག་པའི་འབྱུང་གནས་ཁྲི་རྒྱབ་ཡོལ་དང་བཅས་སྐུ་ཚད་གོང་མཚུངས་སོགས་བླ་ཆེན་གོང་མ་རྣམས་ཀྱི་ཐུགས་དམ་ནང་རྟེན་ཇི་སྙེད་བཞུགས།  གཙུག་ལག་ཁང་གི་ལྷོ་ནུབ་བྱང་བཅས་པར་གསེར་ཆོས་དང་།  དངུལ་ཆོས།  སྐྱ་ཆོས་བཅས་དཔེ་རྙིང་པོད་ཉིས་ཁྲི་ཙམ་བཞུགས་པ་ནི་ས་སྐྱ་ལྷ་ཁང་ཆེན་མོའི་ཕྱིའི་རྩིག་པ་ཞིག་ཀྱང་ནང་གི་ཆོས་རྩིག་མི་ཞིག་ཅེས་པའི་ཤོད་རྒྱུན་ཀྱང་འཇགས།  ད་དུང་ཤིང་ཏ་ལའི་ལོ་མར་བྲིས་པའི་དཔེ་ཆ་དང་།  པོ་ཏི་ལྕགས་ལུང་མ་ཞེས་སྐྱེས་པ་བདུན་བརྒྱད་ཙམ་གྱིས་བཏེགས་ཐུབ་ཙམ་བརྒྱད་སྟོང་པ།  གཞན་ཡང་ཆོས་དུང་དཀར་མོ་རྒྱང་གྲགས་ཞེས་སངས་རྒྱས་དུང་དཀར་གྱི་སྐྱེ་བ་བཞེས་སྐབས་ཀྱི་ཤུབ་ཡིན་པ།  ཀླུའི་རྒྱལ་པོས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་མཚོ་འགྲུལ་གྱི་དེད་དཔོན་བཟང་པོ་གྲགས་པར་ཕུལ་བ་རྒྱ་གར་རྒྱལ་པོའི་བང་མཛོད་དུ་བཞུགས།  དེ་ནས་རྒྱ་གར་རྒྱལ་པོ་དྷརྨ་པཱ་ལས་རྒྱ་ནག་རྒྱལ་པོ་དྷེ་ཝ་ར་ཛར་ཕུལ།  ཧོར་སེ་ཆེན་རྒྱལ་པོས་འགྲོ་མགོན་ཆོས་འཕགས་ལ་ཕུལ་བ་བཅས་ཀྱི་ཆོས་དུང་ལ་སོགས་ནང་རྟེན་ཇི་སྙེད་མཇལ་རྒྱུ་ཡོད།  སྔོན་དགེ་འདུན་བདུན་བརྒྱ་སྐོར་གྱིས་ས་ལུགས་ཕྱག་བཞེས་མཛད་པ་རེད།

  ད་ལྟ་བྱང་ན་བླ་བྲང་ཤར་དང་།  རྣམ་རྒྱལ་ལྷ་ཁང་།  གོང་མ་རྣམ་ལྔའི་ཕྱིའི་རྟེན་མཆོད་རྟེན་དྲུག  རིན་ཆེན་སྒང་བཅས་བསྐྱར་བཞེངས་གནང་བ་དང་།  དཔལ་ས་སྐྱའི་མཐོ་རིམ་བཤད་གྲྭ་ཆེ་མོ་ཡང་བཞེངས་གྲུབ་ཡོད།  ལྷ་ཁང་ཆེན་མོར་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་ཕལ་ཆེར་བཞུགས་ཡོད་པ།  འགྲོ་མགོན་ཆོས་འཕགས་ཀྱི་བླ་བྲང་ཡང་གྱང་གོག་སྟེང་བསྐྱར་བཞེངས་གནང་བའི་ནང་རྟེན་གསུམ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

  དགོན་དེའི་དུས་མཆོད་ནི་བོད་ཟླ ༡ པོར་བསེ་རག་གཏོར་རྒྱག  བོད་ཟླ ༢ པར་ཕུན་ཚོགས་ཕོ་བྲང་གི་སྒྲོལ་མའི་འཆམ་གཟིགས་དང་།  སྐྱབས་མགོན་རྩེ་ཤོད་དང་ཆོས་སྟེ་ལྷོ་བྱང་གི་དམ་རྫས་རིལ་སྒྲུབ།  བོད་ཟླ ༥ པར་འདོད་བདེ་གཏོར་རྒྱག  བོད་ཟླ ༧ པར་ཕུར་པ་སྒྲུབ་མཆོད་དང་འབྲེལ་བའི་གར་འཆམ།  བོད་ཟླ ༡༡ པར་ས་སྐྱའི་མདོས་ཆེན་ཞེས་གུར་གྱི་མགོན་པོའི་གར་འཆམ།  བོད་ཟླ ༡༢ པར་ཤུགས་ལྡན་གྱི་གཏོར་རྒྱག་བཅས་ཡིན།

<