གནས་མཆོག་བྱང་ཙཱ་རིའི་ངོ་སྤྲོད་གཅེས་བཏུས་རབ་གསལ་མ་ཀུ་ར།

2019-10-16
0

༄༅།། གནས་མཆོག་བྱང་ཙཱ་རིའི་ངོ་སྤྲོད་གཅེས་བཏུས་རབ་གསལ་མ་ཀུ་ར།

ཚངས་སྲས་དགྱེས་པའི་ལང་ཚོ།       

གནས་མཆོག་བྱང་ཙཱ་རིའི་ངོ་སྤྲོད་གཅེས་བཏུས་རབ་གསལ་མ་ཀུ་ར།

ཀུན་བཟང་ཞིང་ནས་ཀུན་བཟང་ཐུགས་ཀྱི་སྟོན་འཁོར་དབྱེར་མེད་ཚོགས་ཀྱི་མཆོག།

རིགས་ལྔའི་ཞིང་ནས་རིགས་ལྔ་ཡབ་ཡུམ་སྲས་འཁོར་རྒྱལ་བ་རབ་འབྱམས་ལྷ།།

དག་དང་མ་དག་སྤྲུལ་བའི་ཞིང་ནས་མཁྱེན་བརྩེའི་རྩལ་རྫོགས་བདེ་གཤེགས་ཚོགས།།

སྐུ་གསུམ་ཞིང་ནས་བཅོམ་ལྡན་ཚོགས་ལ་བདག་ཡིད་དད་པས་བསྟོད་པར་བགྱི།།

 

ཞིང་འདིའི་ཞིང་མཆོག་འདྲེན་པ་བླ་ན་མེད།།

ཟབ་གསང་ཨ་ཏིའི་བསྟན་པའི་ཤིང་རྟ་ཆེ།།

སྤྲུལ་བའི་གཏེར་ཆེན་རིག་རྩལ་གླིང་པ་མཆོག།

དུས་ཀུན་སྤྱི་བོའི་རྒྱན་དུ་བཞུགས་མཛོད་གསོལ།།

 

ཕྱི་སྣོད་རྒྱལ་བའི་ཞིང་ཁམས་རབ་རྫོགས་ཤིང་།།

ནང་བཅུད་རྒྱལ་བའི་སྐུ་རུ་ལྷུན་གྱིས་གྲུབ།།

སྣོད་བཅུད་ཡེ་ནས་དག་པའི་ཞིང་རབ་འབྱམས།།

གནས་ཡུལ་ཉེར་བཞིའི་བཀོད་པ་རྫོགས་ལ་བསྟོད།།

 

གང་ཞིག་མི་ཡི་གནས་བཟང་ག་ལ་བར།།

ས་བཟང་བྱང་སེམས་ཆེན་པོས་ཞབས་བཅགས་ཤིང་།།

སྟོན་བཟང་རིགས་ལྔའི་ཞིང་གི་བཀོད་པ་རྫོགས།།

སྤྱོད་བཟང་གནས་ཡུལ་བདག་པོས་སྲུང་བ་བྱེད།།

 

ཆོས་བཟང་གསང་སྔགས་ནང་གི་སྒྲུབ་བརྒྱུད་གནས།།

ཡུལ་བཟང་དགེ་བཅུའི་ལོ་ལེགས་ཕུན་སུམ་ཚོགས།།

དུས་བཟང་གནས་འདིར་ཆོས་ཀྱི་རྔ་སྒྲ་ལྡིར།།

རིག་བཟང་མཁས་གྲུབ་དུ་མའི་བསྟི་གནས་བསྟོད།།

ཅེས་ཡུལ་དང་ཞིང་དམ་པ་རྣམས་ལ་ཤིས་པར་བརྗོད་པའི་མེ་ཏོག་གིས་མཆོད་པ་བཀྲམས་ཏེ།དེ་ཡང་གསེར་ཡུལ་ཞིང་ནས་ཧོར་ཤུལ་གྱི་གནས་མཆོག་རྫོང་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་རྡོ་གྲུབ་བྱང་ཆུབ་རྡོ་རྗེས་མཛད་པའི་(གནས་མཆོག་ཁམས་ཀྱི་ཙཱ་རི་ཏྲ་རིགས་ལྔའི་རྫོང་ཆེན་གྱི་བཀོད་པ་གསལ་བར་བྱེད་པ་དྲི་བྲལ་བཻཌཱུརྱའི་མེ་ལོང་)ཞེས་བྱ་བ་ལྟར་ཤེས་པར་བྱ་དགོས།འདིར་ངོ་སྤྲོད་རགས་ཙམ་བྱས་ན་ཧོར་ཤུལ་ཡུལ་ཚོ་ནས་སྤྱི་ལེའུ་བཞི་བཅུ་ལྷག་གི་མཚམས་ན་ཡོད་པའི་གནས་འདི་ནི། 

ཇི་སྐད་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས།

དཔག་བསམ་དུལ་བའི་ཡལ་འདབ་རྣམས་ནི་གེ་སར་རྒྱས་པའི་འདབ་སྟོང་བཞིན།།

སྔོ་ཞིང་སྣུམ་པའི་ནགས་ཁྲོད་རྣམས་ནི་རྨ་བྱའི་མགྲིན་པ་འཚེར་བ་བཞིན།། 

མཐིལ་རྣམས་སྨན་ལྗོངས་ཤང་ཤོང་རྣམས་ནི་མཐོ་རིས་ས་གཞི་བཟང་པོ་བཞིན།། 

བྱ་དང་རི་དྭགས་རྩེད་འཇོ་རྣམས་ནི་ལྷ་རྣམས་འདུན་སར་རྩེ་བ་བཞིན།།  ཞེས་དང་། 

སྐྱེད་ཚལ་ར་བ་མེ་ཏོག་གཡོ་བའི་ཤིང་འཆང་ཞིང་།། 

ངང་མོའི་བརྟེན་པའི་རྫིང་བུ་ཡིད་འོང་འབབ་སྟེགས་ཅན།། 

མཐོ་རིས་གྲོང་གི་སྟེང་དུ་འཛེགས་པས་མཛེས་པ་གང་།། 

ལྷ་རྣམས་ཀྱིས་ཀྱང་དགའ་བར་བྱ་བའི་གནས་འདི་མཚར།། 

ཞེས་གསུངས་པ་ལྟར། གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་ཤིང་ལྟ་ན་སྡུག་པའི་ས་སྤྱོད་ཀྱི་ཞིང་ཁམས།མཇལ་ན་དགའ་འོང་བ། བཤད་ན་སྤྲོ་འོང་བ། བལྟས་ན་ཡིད་འཕྲོག་པའི་ཏིང་ངེ་འཛིན་ངང་གིས་འཕེལ་བའི་གནས་ཞེས་བརྗོད་པ་གང་གི་གནས་འདིའི་བཀོད་པ་ནི།དབུས་རི་རྡོ་རྗེ་རྫོང་ལ་རྫོང་དང་རྫོང་ཕྲན་དང་མཚོ་དང་འཚེའུ་དག་གིས་ཕྱི་ནང་ཡོངས་སུ་བསྐོར་བས་དབུས་ཀྱི་རི་རྒྱལ་ལ་རི་གླིང་མཚོ་ཡིས་བསྐོར་བ་དང་།རྟེན་གྱི་མཎྜལ་མཆོད་སྟེགས་སུ་བཤམས་འདྲའི་མཛེས་ཤིང་ལྟ་ན་སྡུག་པའི་གནས་མཆོག་དམ་པ་མི་ཡུལ་གྱི་དག་ཞིང་།གངས་ལྗོངས་ཀྱི་ཕུག་ནོར། རྡོ་གསེར་གྱི་གཏེར་བུམ། བྱ་བྲལ་བའི་བསྟི་གནས། མཁས་གྲུབ་ཀྱི་གདན་ས།དཔལ་ལྡན་བླ་མའི་སྒྲུབ་གནས། དད་ལྡན་གྱི་ཞིང་མཆོག་བླ་ན་མེད་པ་ཡིན་ནོ།།

གནས་མཆོག་བྱང་ཙཱ་རིའི་ངོ་སྤྲོད་གཅེས་བཏུས་རབ་གསལ་མ་ཀུ་ར།

གངས་ལྗོངས་ཆོས་ཀྱི་ཞིང་ཁམས་ནས།།

བྱང་གི་ཙཱ་རིའི་གནས་མཆོག་ལགས།།

གསེར་ལུང་ཆོས་རིག་ཕ་ས་ཡི།།

སྔ་འགྱུར་ཆོས་ཀྱི་གདན་ས་ཡིན།།

མཐོང་བས་དད་དུང་འཕེལ་བའི་གནས།།

བརྗིད་ཅིང་སྡུག་པའི་རྫ་རི་ན།།

རི་དྭགས་ཚོགས་རྣམས་རྒྱུགས་མཆོང་རྩེད།། 

དྭངས་ཤིང་གསལ་བའི་མཚོ་རྫིང་བུར།། 

ཆུ་སྐྱལ་ངང་ཚོགས་དལ་བས་རྒྱུ།།

སྔོ་ཞིང་ཡངས་པའི་རི་ཐང་ན།།

ཕྱུགས་ཟོག་གཡང་གི་ངུར་སྒྲ་སྒྲོགས།།

མཛེས་ཤིང་བཀྲ་བའི་མེ་ཏོག་ཚལ།། 

ཕྱེ་ལེབ་སྦྲང་ཚོགས་འཕུར་ལྡིང་གར།།

ནེའུ་གསིང་གཡུ་ཡི་དགའ་ཚལ་དུ།།

དཀར་དམར་མཛེས་པའི་པད་མ་བཞད།། 

རང་བྱུང་ལྗོངས་ཀྱི་གནས་ཕུན་ཚོགས།།

སྐྱིད་པའི་སུམ་རྩེན་ཉིད་དང་མཚུངས།། 

འདི་རུ་ཕེབས་ལ་ཏིང་འཛིན་འཕེལ།།

འདི་རུ་སྡོད་ལ་ཉམས་རྟོགས་རྒྱས།།

འདི་རུ་བསྟོད་དང་བྱིན་རླབས་འཇུག།

འདི་ལ་བསྐོར་དང་སྒྲིབ་པ་སྦྱོང་།།

འདོད་འབྱུང་ཡིད་བཞིན་དབང་རྒྱལ་ཡིན།།

ཞེས་བར་སྐབས་ཀྱི་ཚིགས་བཅད་དབྱངས་སུ་གྱེར་བའོ།། 

གནས་མཆོག་བྱང་ཙཱ་རིའི་ངོ་སྤྲོད་གཅེས་བཏུས་རབ་གསལ་མ་ཀུ་ར།

   དེ་ལ་འདིར་གནས་མཆོག་དམ་པ་འདི་ནི་ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ཕྱི་ནང་གསང་གསུམ་གྱི་ཞིང་གི་བཀོད་པ་ཡོངས་སུ་རྫོགས་ཤིང་།མདོ་སྨད་ཡུལ་གྱི་གནས་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ཞིང་ལྷོ་ཕྱོགས་ཙཱ་རི་ཏྲའི་གནས་ལག་ཡིན་པས་ན་དབྱར་དུས་སུ་ཀུན་གྱིས་མཇལ་བསྐོར་བྱེད་ཅིང་ཁྱད་པར་དུ་སྤྲེལ་ལོ་ནམ་ཚེས་སུ་ཀུན་གྱིས་གནས་འདི་ལ་མཐའ་སྐོར་དང་།བར་སྐོར་དང་། དབུས་སྐོར་རམ་རྩེ་སྐོར་གསུམ་ཡོད་པ་ལས་གཙོ་བོ་གསང་གསུམ་གྱི་མཚོ་དང་། ཡོན་ཏན་དང་འཕྲིན་ལས་ཀྱི་མཚོ་དང་ལྔ་ལ་བསྐོར་བ་ནི་རྩེ་སྐོར་ཡིན་པས་དེ་ལྟར་བསྐོར་ཞིང་ཕྱག་འཚལ་བ་མར་མེ་འབུལ་བ་ཚོགས་བསྐང་འདོན་པ་བསང་མཆོད་ཕུལ་བ་སོགས་བྱེད་དོ།།ནུས་ལྡན་འགྲོ་ཕན་གླིང་པའི་རྣམ་ཐར་དག་སྣང་རབ་གསལ་ལས༔ ཀྱེ་མ་གནོད་སྦྱིན་རྫོང་ལྔའི་བདེ་གཤེགས་རྒྱལ་བའི་ཞིང་༔ཕྱོགས་བཅུའི་སངས་རྒྱས་རྩ་གསུམ་བཀའ་སྲུང་སྡེ༔ ཀོ་ཊ་ཡ་ནའི་ཞིང་སྐྱོང་དམ་ཅན་འདུས༔ མཐོང་ཐོས་དྲན་རེག་པདྨ་འོད་ཀྱི་ཞིང་༔ཨོ་རྒྱན་རྒྱལ་བའི་ཞིང་ཁམས་མཐོང་དང་མཉམ༔ ཁྱད་པར་སྤྲེལ་ལོ་ནམ་ཤར་བྱིན་རླབས་མྱུར༔ འགྲོ་བ་འདུལ་བའི་དུས་བབས་མོས་གུས་ཀྱིས༔བསྐོར་གཅིག་ཕྱག་སྟོང་མ་ཎི་དུང་ཕྱུར་གསུམ༔ བཟླས་པའི་ཕན་ཡོན་མཉམ་པ་ང་ཡི་བཀའ༔ ཚོགས་དང་མར་མེ་མཎྜལ་མཆོད་པ་གང་༔བྱེ་བ་བརྒྱ་འགྱུར་འཕན་གདུགས་བསང་གསུར་དང་༔ སྤོས་དང་ཡོན་ཆབ་ཕྱག་བསྐོར་རོལ་མོ་སོགས༔ གུས་འབུལ་རྒྱ་བོད་གནས་ཡུལ་དུར་ཁྲོད་བརྒྱད༔ཀོ་ཊ་ཡ་དང་པད་འོད་བཀུར་དང་མཚུངས༔ ཞེས་རྒྱ་བོད་ཀྱི་གནས་རྣམས་ཀུན་འདུས་པའི་བྱིན་རླབས་གཅིག་མཚུངས་ཅན་ཡིན་པར་གསུངས་སོ།།གནས་འདི་ནི་སྤྲུལ་བའི་གཏེར་ཆེན་རྣམས་ཀྱི་གཏེར་གནས་ཡིན། བརྒྱུད་གསུམ་བླ་མ་རྣམས་ཀྱི་གདན་ས་ཡིན།  མཁས་གྲུབ་དམ་པ་རྣམས་ཀྱི་གྲྭ་ས་ཡིན། ཚེ་འདི་བློས་བཏང་རྣམས་ཀྱི་དབེན་གནས་ཡིན་ལ།དེ་བཞིན་དུ་རྫོང་དང་རྫོང་ཕྲན་དུ་མ་ཡོད་པ་ནི། དེ་ཉིད་ལས། དབུས་རྫོང་འོག་མིན་བདེ་གཤེགས་ཞི་ཁྲོ་དང་༔ཕ་རྒྱུད་མ་རྒྱུད་དུས་འཁོར་རྒྱུད་སྡེ་དྲུག༔ བདེ་དགྱེ་གསང་འཇིགས་བཀའ་དགོང་བཀའ་འདུས་ཤིང་༔ཤར་རྫོང་མངོན་དགའ་རྡོར་སེམས་མི་བསྐྱོད་པ༔ མི་འཁྲུགས་མགོན་དང་སྨན་བླའི་ཞིང་ཁམས་རྫོང་༔ལྷོ་རྫོང་དཔལ་ལྡན་ཞིང་ཁམས་རིན་ཆེན་འབྱུང་༔ ཐུབ་དབང་ཉན་སྲས་འཕགས་པའི་གནས་བརྟན་དང་༔ གཟུངས་ཆེན་སྡེ་ལྔ་འཛམ་ལྷ་ནོར་ལྷའི་སྐོར༔ནུབ་རྫོང་བདེ་ཆེན་ཞིང་མཆོག་སྣང་མཐའ་ཡས༔ འཇམ་དབྱངས་སྤྱན་གཟིགས་ཕྱག་རྡོར་སྒྲོལ་མ་དང་༔ཚེ་དཔག་མེད་དང་ཀུ་རུ་ཀུལླེ་དམར༔ འདོད་རྒྱལ་ལྷ་ཆེན་དབང་ཆེན་ལྷ་ཚོགས་བཞུགས༔ བྱང་རྫོང་ལས་རབ་ཞིང་ཁམས་དོན་ཡོད་གྲུབ༔གུར་མགོན་ཕྱག་བཞི་ཕྱག་དྲུག་ཚོགས་ཀྱི་བདག༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་དུར་ཁྲོད་བརྒྱད༔ཨེ་ཀ་ཙ་ཏི་དཔལ་ལྡན་ལྷ་མོ་དང་༔ ཞེས་གསུངས་པ་བཞིན། དབུས་རྡོ་རྗེ་རྫོང་ནི་སྟག་རྣ་གཟིག་རྣ་དང་མཚོ་ལུང་གོང་འགབ་བརྟེན་པའི་རི་རྒྱུད་རྣམས་ཡིན།ཤར་ཙཀྲ་རྫོང་ནི་ཟངས་མདོག་དཔལ་རི་སྒྲོལ་མ་ལུང་པ་སོགས་ཀྱི་རི་རྒྱུད་དག་ཡིན་གསུངས། འདི་ལྟར་དུ་ཤར་རྫོང་དང་དབུས་རྫོང་དུ་བཞུགས་པའི་ལྷ་ཚོགས་རྣམས་ངོས་འཛིན་ཅུང་མི་འདྲ་བ་ལྟར་སྣང་ཡང་རྡོ་གྲུབ་ཆེན་པོས་གསུངས་པ་བཞིན་ངོ་སྤྲད་པ་ཡིན།རིན་ཆེན་རྫོང་ནི་དམུ་རིའི་རི་ལུང་རྣམས་ཡིན། 

གནས་མཆོག་བྱང་ཙཱ་རིའི་ངོ་སྤྲོད་གཅེས་བཏུས་རབ་གསལ་མ་ཀུ་ར།

   ནུབ་པདྨ་རྫོང་ནི་མཚོ་དཀར་མ་བརྟེན་པའི་ནུབ་ཕྱོགས་རི་རྒྱུད་རྣམས་ཡིན།བྱང་རྒྱ་གྲམ་རྫོང་ནི་རྒྱས་སྟོད་ཀྱི་བསོད་ནམས་རྒྱས་མཚོ་བརྟེན་པའི་རྫ་རི་ཤོས་ལུང་ལ་ཕྱོགས་པ་རྣམས་ཡིན་དེ་དག་ལ་ཕྱོགས་ཀྱི་རྫོང་ལྔ་ཞེས་བརྗོད།དཔལ་རི་དང་དམུ་རིའི་བར་ཤར་ལྷོ་སྨན་རྫོང་། དམུ་རི་དང་ཡིག་བརྒྱའི་རྫ་རིའི་བར་ལྷོ་ནུབ་འཇིག་རྟེན་མེས་པོའི་རྫོང་།རྡོ་དཀར་སྟོད་ཀྱི་གཡས་ལུང་དུང་རྣ་ལ་ཕྱོགས་པའི་འོ་མཚོའི་གཡོན་ལག་ནུབ་བྱང་དཔལ་སྤུངས་རྫོང་།ཨོལ་ཀྱོག་ལ་རྩེ་ནས་ཁུ་བྱུག་ལུང་པའི་ཁར་དཔལ་རིའི་བར་ལ་བྱང་ཤར་དཔལ་ཁྱུང་ཆེན་གྱི་རྫོང་སྟེ་མཚམས་ཀྱི་རྫོང་བཞི།དཔལ་ཕྱག་ན་རྡོ་རྗེའི་གནས་རྡོའི་སྐུ་བླ་གཉན་རྩེ་ལ་མཐའ་བསྐོར་ཀྱི་རྫོང་ཞེས་བྱ་སྟེ། རྡོ་རྗེ་གནས་ཀྱི་རྫོང་ཆེན་ལྔ་དང་རྫོང་ཕྲན་ལྔ་སྟེ་བཅུ་ཡོད།  རྫོང་དེ་དག་ཡུལ་གྱི་འབོད་པའི་མིང་ལྟར་དུ་བྲིས་ན་རྫོང་རྣམས་ངོས་ཟིན་སླ་བའི་ཆེད་དུའོ།།གནས་དེ་དག་ཏུ་བཅོམ་ལྡན་འདས་རྒྱལ་བ་རིགས་ལྔ་འཁོར་ཡང་འཁོར་དང་བཅས་པ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཡོངས་དང་།གཞན་བདེ་གཤེགས་བརྒྱད་དང་དཔལ་ཕྱག་ན་རྡོ་རྗེ་གླིང་དཔའ་ཐུལ་སུམ་ཅུ་སོགས་བཞུགས་པའི་གནས་ཡིན་ནོ།།  རྫོངས་གནས་ཀྱི་རི་མཐོན་པོ་སྟག་རྣ་གཟིག་རྣ་ཞེས་འབོད་པ་དེ་ཡི་དམ་རྟ་མགྲིན་དང་།མཁའ་འགྲོ་རྡོ་རྗེ་ཕག་མོའི་གནས་ཡིན། སྐུ་ཡི་གནས་མཚོ་དཀར་མ། གསུང་གི་གནས་རཀྟ་དམར་ནག ཐུགས་ཀྱི་གནས་མཚོ་ནག་མ།  ཡོན་ཏན་གྱི་གནས་བསོད་ནམས་རྒྱས་མཚོ། འཕྲིན་ལས་ཀྱི་གནས་ཙཱ་རི་གཡུ་མཚོ་སྟེ་མཚོ་ལྔ་ཡུམ་ལྔ་ཞེས་སངས་རྒྱས་མཁའ་འགྲོ།རྡོ་རྗེ་མཁའ་འགྲོ། པདྨ་མཁའ་འགྲོ། རིན་ཆེན་མཁའ་འགྲོ།   ལས་ཀྱི་མཁའ་འགྲོ་སྟེ་མཁའ་འགྲོ་སྡེ་ལྔ་འཁོར་བཅས་ཀྱི་གནས་ཡིན།གཞན་འོ་མའི་མཚོ་སོགས་མཚོ་དུ་མ་ཡོད། ཉི་ཕུག ཟླ་ཕུག འོད་གསལ་ཕུག་པ་སོགས་ཕུག་པ་དུ་མ། ཐུགས་རྗེ་ཆེན་པོའི་སྐུ་གཟུགས་སོགས་རང་བྱོན་དུ་མ་ཡོད།གནས་འདིའི་རྫོང་དང་རྫོང་ཕྲན། མཚོ་དང་འཚེའུ། རི་དང་ཕུག་པ་སོགས་ཀྱི་བཤད་པ་ཀུན་རྡོ་གྲུབ་བྱང་ཆུབ་རྡོ་རྗེས་གནས་ཡིག་དང་གཞན་ཡང་གསེར་རྟ་བླ་རུང་ཧོར་ཤུལ་འཇམ་དབྱངས་བློ་འཕེལ་ནང་བསྟན་སློབ་གླིང་ནས་བསྡུ་སྒྲིག་བྱས་པའི་གནས་ཡིག་ཕྱོགས་བསྡུས་ཐར་ལམ་སྒོ་འབྱེད་དུ།གནས་ཡིག་སྐོར་དང་། དབུས་སྐོར་ས་ཁྲའི་རི་མོ། མཚོ་རྫོང་ངོ་སྤྲོད་ཕྱིར་པར་རིས་སོགས་གསལ་བོར་བཀོད་ཡོད་པས་དེ་ལ་ཞིབ་གཟིགས་འཚལ།དེ་ཡང་ཀུན་གཟིགས་བླ་མ་རིན་པོ་ཆེ་བཀའ་དྲིན་ཅན་རིག་འཛིན་ཉི་མ་མཆོག་གི་ཞལ་ཤེས་ལྟར་བཀོད་པ་ལས་རང་བཟོ་དང་ཕོ་ཚོད་དུ་བྲིས་པ་མིན།གཏེར་སྟོན་ཆེན་པོ་ལས་རབ་གླིང་པ། སྤྲུལ་བའི་གཏེར་སྟོན་ཀུན་བཟང་ཉི་མ། དཔའ་བོ་ཆོས་དབྱིངས་རྡོ་རྗེ།དུང་སྤྲུལ་ཁྲག་འཐུང་རོལ་པའི་རྡོ་རྗེ། ནུས་ལྡན་འགྲོ་ཕན་གླིང་པ།  ཨོ་རྒྱན་རིག་རྩལ་གླིང་པ་སོགས་ཀྱི་གཏེར་གནས་དང་།དམ་ཆོས་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བླ་མ་ཀླུ་སྒྲུབ། ཆུང་ཡོས་བླ་མ་ཐེག་མཆོག རྣལ་འབྱོར་མ་ཧ་བྱུག་མཁའ་འགྲོ་མ་ཤེར་སྨན་སོགས་གནས་འདིའི་རི་ཁྲོད་གོང་འོག་ཏུ་གཏན་བཞུགས་མཛད།རྡོ་བླ་ཀུན་བཟང་གཞན་ཕན་གྱིས། ཕྱི་ལྟར་རིགས་ལྔའི་རྫོང་ཆེན་ལྔ།།  ནང་ལྟར་སྤྲུལ་པའི་ཞིང་མཆོག་ལྔ།།  གསང་བ་རིགས་ལྔ་ལོངས་སྐུའི་དལ།།  ཐབས་མཆོག་བདེ་ཆེན་ཡབ་ཀྱི་དངོས།། ཤེས་རབ་བདུད་རྩིའི་ཆུ་གཏེར་ཆེ།།སྟོང་ཉིད་ཡུམ་གྱིས་ངོ་བོར་གྲུབ།། དེར་མཆེད་རིགས་བརྒྱ་རིགས་ལྔ་དང་།། རིགས་གསུམ་རིགས་གཅིག་སྤྲོ་བསྡུས་བདག།པདྨ་ཐོད་ཕྲེང་ཉིད་དུ་ངེས།། ཞེས་གསུངས་སོ།། སྔ་འགྱུར་གདན་ས་རྫོང་གནས་དཀྱིལ་འཁོར་ལ་ཐོག་ཅེས་རིགས་བརྒྱ་རིགས་གཅིག་ཏུ་འདུས་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱིས་བཀོད་པ་ཡོངས་སུ་རྫོགས་པའི་མིང་ས་ལ་ཐོག་པ་ཡིག་བརྒྱའི་དཀྱིལ་འཁོར་ལ་ཐོག་ཏུ།སྔ་འགྱུར་བསྟན་པའི་གཙུག་རྒྱན་ཐེག་མཆོག་བསྟན་པའི་སྒྲོན་མེ་མཚན་བརྗོད་པར་དཀའ་ནའང་དོན་གྱིས་སླད་དུ་མཚན་ནས་བརྗོད་ན་ཀུན་སྤངས་བྱ་བྲལ་བ་ཆེན་པོ་ཡག་ཤུལ་མཁན་པོ་༧བློ་གྲོས་སམ་དབང་ཆེན་དགྱེས་པའི་རྡོ་རྗེས་རྒྱལ་བ་ཀློང་ཆེན་པའི་མཛོད་ཆེན་བདུན།མུན་སེལ་སྐོར་གསུམ། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ་སོགས་དང་། ཁྲིད་ཡིག་ཡེ་ཤེས་བླ་མ།འཇམ་དབྱངས་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་གསུང་འབུམ། སྙིང་ཐིག་རྩ་གསུམ་སྨིན་དབང་། ལྕེ་བཙུན་ཟབ་ཁྲིད།དཔལ་དུས་ཀྱི་འཁོར་ལོའི་སྨིན་དབང་སོགས་ཀྱི་གཙོས་སྔ་འགྱུར་ཆོས་སྐོར་དུ་མ་ཞིག་གནུབ་ཟུར་སྤྲུལ་སྐུ་པད་ནོར།ཤུག་སྒང་གསུང་སྤྲུལ། གདོང་བླ་མ་པད་ཁོ། དཔལ་ཡུལ་ལྷ་སྤྲུལ། ཆོས་རྗེ་ཡིད་བཞིན་ནོར་བུ།མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ། གྲུབ་དབང་བླ་མ་རིག་འཛིན་ཉི་མ། གནུབ་ཟུར་སྤྲུལ་སྐུ་བློ་གྲོས་དབང་པོ་སོགས་དམ་པའི་སྐྱེ་ཆེན་དུ་མའི་གཙོས་སྐལ་ལྡན་འདུས་པ་ཡོངས་ལ་ལོ་དུ་མར་ཟབ་གསང་ཆོས་ཀྱི་འཁོར་ལོ་བསྐོར་བའི་གདན་སའི་མཐིལ་མཛད་པ་ལགས་པའི་གསེར་ཡུལ་སྔ་འགྱུར་གྱི་གདན་ས་རྨད་དུ་བྱུང་བ་ཞིག་ཡིན་ནོ།།  དུས་སྐབས་ཤིག་ལ་མཐའ་དམག་གི་རྐྱེན་གྱིས་གནས་སྐབས་གདན་ས་འཐོར་ཞིག་ཏུ་གྱུར་ཏེ་གནས་མ་ཐུབ་ལགས།སླར་ཡང་ཁམས་གསུམ་འགྲོ་བའི་མགོན་པོ་ཆོས་རྗེ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བླ་མ་ཡིད་བཞིན་ནོར་བུ་༸འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་སྐུ་འཁོར་རྣམས་འདིར་བཞུགས་ནས་ཟབ་མོའི་ཆོས་ཀྱི་སྒྲུབ་པ་མཛད་ཅིང་རྫོགས་པ་ཆེན་པོ་ལྕེ་བཙུན་གྱི་དབང་ཁྲིད་མན་ངག་ཀུན་ལས་ལྡན་སློབ་མ་རྣམས་ལ་གནང་བའི་འོད་གསལ་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱས་སོ།།གནས་འདིར་གནུབ་ཟུར་སྤྲུལ་སྐུ་བློ་གྲོས་དབང་པོ་སྔ་གཞུག་ཏུ་བྱོན་ཞིང་དད་ལྡན་མང་ཚོགས་ལ་ཆོས་ཀྱི་བཀའ་སློབ་ཟབ་མོས་ཡུལ་མི་རྣམས་དགེ་བར་བཀོད་ཅིང་གནས་འདི་བསྲུང་དགོས་པའི་བསྐུལ་མ་བཏང་སྟེ་མཆོད་རྟེན་གསར་བཞེང་མཛད།ད་ལྟ་གནས་འདིར་སྐྱེས་སྦྱོང་གི་ཤེས་རབ་དང་། བཅོས་མིན་ལྷག་བསམ་ནོར་གྱིས་བརྒྱན་པའི་སྡོམ་གསུམ་སྡེ་སྣོད་འཛིན་པ་ཆེན་པོ་ཧོར་ཤུལ་མཁན་སྤྲུལ་དགེ་ལེགས་དཔལ་བཟང་པོ་མཆོག་གིས་གདན་ས་འདི་ལ་སུ་ཞིག་བྱོན་ཏེ་སྒྲུབ་པའི་ཉམས་ལེན་མཛད་དགོངས་ན་བཞུགས་ཤག་བཅུ་ཕྲག་ལྷག་དང་གསོལ་ཐབ་དང་བཅས་པ་འཛུགས་སྐྲུན་གནང་ཡོད།

གནས་མཆོག་བྱང་ཙཱ་རིའི་ངོ་སྤྲོད་གཅེས་བཏུས་རབ་གསལ་མ་ཀུ་ར།

   ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་བཞུགས་ས་རུ་འདྲ་སྐུ་བྱིན་ཅན་དང་མཆོད་ཁང་། བླ་མ་བཀའ་དྲིན་ཅན་པདྨ་ཆོས་དབྱིངས་ཁྱབ་བརྡལ་གྱི་དམ་ཆོས་བསླབ་གཉེར་གནང་སའི་བཞུགས་ཤུལ་མཁན་སྤྲུལ་ལགས་ཀྱིས་ངོས་འཛིན་གནང་ཞིང་བཞུགས་ཤུལ་གྱི་རྟགས་ལ་གསོལ་ཞལ་ཁ་འགེབས་བྱེད་ཀྱི་རྡོ་གོར་གོར་དེ་ལོན་ཏེ་རྟགས་དང་རྟེན་འབྲེལ་མངོན་གསལ་དུ་མ་མཆིས།དེར་བླ་མ་དམ་པའི་འདྲ་སྐུ་དང་མཆོད་ཁང་བཅས་ལེགས་གྲུབ་མཛད། གཞན་ཡང་གནས་འདིར་རི་སྐྱེས་རི་དྭགས་གཅན་གཟན་རྣམས་སྲུང་སྐྱོབས་མཛད་ཅིང་བཤས་ར་ནས་གསོད་པའི་སྡུག་བསྔལ་ལ་སྦྱོར་བའི་རྟ་ནོར་ལུག་གསུམ་བརྒྱ་ཕྲག་ནས་སྟོང་ཕྲག་མང་པོ་སྲོག་བླུ་གནང་ཞིང་དེའི་ནང་ནས་རྟ་ནི་ཅི་རིགས་ཤིག་གནས་འདིར་གླ་སྦྱིན་ཏེ་ཚེ་ཐར་གསོ་བའི་ར་བའམ་བསྲུང་བའི་གུར་མཛད།དམང་སྒོར་ས་ཡ་ལྷག་གིས་འགྲོ་གྲོན་བཏང་སྟེ་ཕ་བོང་དག་གི་ངོར་ཞི་ཁྲོ་དམ་པ་རིགས་བརྒྱ་སོགས་ཀྱི་ལྷ་སྐུ་རྡོར་བརྐོས་མཛད་པས་ས་བཅུད་ཡུལ་བཅུད་སྣོད་བཅུད་ཀྱི་རྒུད་པ་ཀུན་གསོ་བའི་ས་ཡི་རྟེན་མཆོག་ཏུ་གྱུར་པ་བཞེངས་པ་ལགས་སོ།།བདག་གི་ནུ་བོ་ཆོས་བཟང་གིས་རྫོང་གི་ཆུ་མདོ་ནས་རྫོང་སྟོད་བར་མ་ཎི་ཀ་ཆེན་བརྐོ་བ་ལ་མཁན་སྤྲུལ་ལགས་ཀྱིས་དམངས་སྒོར་འབུམ་ཕྲག་ལྷག་གི་མཐུན་རྐྱེན་གནང་བ་དེའང་ཉུང་ཉུང་མིན།འུར་བསྟོད་མ་ཡིན་པར་མཁན་སྤྲུལ་ལགས་ཀྱི་མཛད་རྗེས་ནི་དམ་པ་ཞིག་གི་མཛད་རྗེས་ཡིན་ཞིང་སྤྲུལ་སྐུ་ཞིག་གི་འཕྲིན་ལས་རེད།

གནས་མཆོག་བྱང་ཙཱ་རིའི་ངོ་སྤྲོད་གཅེས་བཏུས་རབ་གསལ་མ་ཀུ་ར།

  དམ་པ་གང་གི་མཛད་འཕྲིན་ནི་མནན་ན་མི་ནོན་པ། བཏེགས་ན་མི་ཐེག་པ། བཤད་ན་བརྗོད་ཐབས་བྲལ་བ། བྲིས་ན་མི་ཚར་བ། རི་རབ་ལས་དཔུང་མཐོ་བ། རྒྱ་མཚོ་ལས་གཏིང་ཟབ་པའི་འདི་དང་འདི་བཞིན་གང་ན་དཀའ་ངལ་ཡོད་ན་དེ་སེལ་བ།གང་ན་སྟོང་ཆ་ཡོད་ན་དེ་བཀང་བ། གང་ན་ཉམས་རྒུད་ཡོད་ན་དེ་གསོ་བའི་བཀའ་དྲིན་སྐུ་དྲིན་བསམ་ཡུལ་ལས་འདས་པ་དེ་ཉིད་ཀྱིས་གནས་འདིར་སྔར་བཞིན་བྱིན་ཆགས་པར་བྱས་སོ།།  མཚམས་ཀྱི་ཞལ་གདམས་པདྨ་དཀར་པོ་ལས།  དང་པོ་དཔའ་བོ་མཁའ་འགྲོས་བྱིན་རླབས་ཤིང་།།  བར་དུ་ཨོ་རྒྱན་ཆེན་པོས་ཞབས་ཀྱིས་བཅགས།།  རིམ་པར་གྲུབ་ཆེན་རྣམས་ཀྱིས་ངོས་བཟུང་བའི།།  ཙཱ་རིའི་གནས་ལག་གནས་ཕྲན་དུ་གཏོགས་པའི།།  གནས་ཆེན་བརྒྱ་རྩ་གནས་ཕྲན་སྟོང་རྩ་གཉིས།།  དེ་དག་རྣམས་སུ་ཞག་གཅིག་བསྒྲུབ་པ་དེ།།  གཞན་དུ་ལོ་གཅིག་བསྒྲུབ་ལས་ལྷག་པ་ནི།།  ལུང་བསྟན་བཀའ་རྒྱ་མ་ལས་གསུངས་པའི་ཕྱིར།།  དེ་འདྲར་སྒྲུབ་གནས་བྱས་ན་མཆོག་ཏུ་བསྔགས།།  དེ་ལྟ་མིན་ཀྱང་བཀའ་བརྒྱུད་གོང་མ་ཡིས།།  སྒྲུབ་གནས་སམ་ནི་ཞབས་ཀྱིས་བཅགས་པའི་གནས།།    ཞེས་གསུངས་པ་བཞིན་བྱིན་རླབས་ཅན་གྱི་གནས་འདིར་བྱོན་ནས་སྒྲུབ་པ་མཛད་ན་རབ།མིན་ཀྱང་བླང་དོར་གྱི་མིག་དང་ལྡན་པས་གནས་འབྲེལ་དང་གནས་བསྐོར་བྱས་པ་ཀུན་ཀྱང་བདེ་བ་ཅན་གྱི་ཞིང་མཆོག་དམ་པ་ཐོབ་པར་འགྱུར་བའི་རྒྱུ་ཡིན་ནོ།།རྡོ་གྲུབ་པས། དེ་མཐུ་ཡིས་མི་ཕྱུགས་བདེ་ལྡན་ཞིང་།། ལོ་ལེགས་དང་འབྲུ་འཕེལ་དཔལ་འབྱོར་ལྔན།།འཕྲལ་ཕུག་གཉིས་བདེ་བའི་རྒྱུ་རུ་འགྱུར།  ཞེས་གསུངས་སོ།།དེ་ལྟར་གནས་འདིར་དད་གུས་གཙང་མས་ཕྱག་མཆོད་བསྐོར་བ་བྱེད་ཅིང་གུས་རྩི་ཆེན་པོས་གནས་འདི་བསྲུང་བ་དང་བསང་མཆོད་སོགས་རྣམ་པར་དཀར་བའི་ལས་ལ་འབད་ཅིང་མི་མཐུན་པ་ལས་ནམ་ཡང་བཟློག་པར་བགྱི་དགོས་སོ།། 

གནས་མཆོག་བྱང་ཙཱ་རིའི་ངོ་སྤྲོད་གཅེས་བཏུས་རབ་གསལ་མ་ཀུ་ར།

སླར་སྨྲས་པ།

བདེ་གཤེགས་རབ་འབྱམས་རྒྱལ་བའི་ཞིང་རྒྱ་མཚོ།།

མ་ལུས་གཅིག་རྫོགས་གསེར་ཡུལ་རྫོང་གི་གནས།།

བརྒྱུད་གསུམ་རིག་འཛིན་བླ་མས་ཞབས་བཅགས་ཤིང་།།

བྱིན་རླབས་འབྱུང་གནས་ཙཱ་རི་གཉིས་པར་བསྔགས།།

 

བཅོམ་ལྡན་རིགས་ལྔའི་རྫོང་གི་རྫ་རི་བྲག།

གསང་གསུམ་ཡོན་ཏན་འཕྲིན་ལས་མཚོ་ལྔ་ཡི།།

ཞིང་གི་བཀོད་པ་ཡོངས་སུ་འདུས་པའི་དཔལ།།

བདེ་གཤེགས་ཡབ་ཡུམ་ཞིང་འདི་ཨེ་མ་རྨད།།

 

གང་ཟག་ཕལ་བའི་བརྟེན་ཀྱང་ཡོན་ཏན་འབྱུང་།།

སྣང་ཚུལ་ཚུར་མཐོང་ཡུལ་དུ་གསལ་བར་བཀྲ།

ཉམས་དགའ་ཡིད་དབང་འཕྲོག་པའི་ལྗོངས་འདི་མཛེས།།

མཐོ་སྒང་ཡུལ་དུ་གྲགས་སྙན་བླ་ན་འབར།།

 

ཀྱེ་ཀྱེ་བླ་མེད་ཡོ་གའི་གནས་གཅིག་པུ།།

ཨ་ཧོ་ཐེག་མཆོག་བསྟན་པའི་འབྱུང་གནས་ཡིན།།

ཨེ་མ་ཨ་ཏི་ཡོ་གའི་ཆོས་སྒྲ་སྒྲོགས།།

ཨ་ལ་ལ་ཧོ་གནས་མཆོག་ངོ་མཚར་ཅན།།

 

འདི་ན་རྨད་བྱུང་གནས་ཀྱི་བཀོད་པ་ཡི།།

ངོ་སྤྲོད་ཉིང་ངུའི་ངག་གིས་ཕྲིས་ཤིག་ཅེས།།

བསྐུལ་ངོར་མ་ལྡོག་ཙམ་དུ་བྲིས་ལགས་པས།།

ཉེས་འགལ་གང་མཆིས་རྒྱལ་བའི་ཞིང་ལ་འཆགས།།

 

དགེ་བའི་འབྲས་བུ་ཇི་སྙེད་མཆིས་པ་ཀུན།།

གཅིག་ཏུ་བསྡོམ་སྟེ་བདག་གཞན་འགྲོ་བ་ཀུན།།

བླ་མེད་རྫོགས་སངས་རྒྱས་པའི་རྒྱུར་བསྔོ་ཞིང་།།

ཀུན་ཀྱང་རྫོགས་ལྡན་དཔལ་ལ་ལོངས་སྤྱོད་ཤོག།


  • 顶 0