བོད་ཁུལ་གྱི་ས་གནས་སོ་སོའི་གནའ་བོའི་མཁར་རྫོང་།

2019-04-02
0

335201_yis_1477978366390_s.jpg

གནའ་མཁར་གྱི་ཐོག་མའི་ལོ་རྒྱུས།

བོད་ཀྱི་ས་ཕྱོགས་ཁག་ཏུ་གནའ་བོའི་མཁར་རྫོང་མང་པོ་ཞིག་ཡོད་པ་དག་ལ་ངོ་མཚར་ཆེ་བའི་གཏམ་རྒྱུད་རེ་ཡོད། གཏམ་རྒྱུད་ལ་ལ་ད་དུང་རྒྱུན་མཐུད་ཅིང་ཡོད་པ་དང་། ལ་ལ་མཁར་རྫོང་ཞིག་རལ་དུ་ཕྱིན་པ་དང་སྦྲགས་གཏམ་རྒྱུད་གླེང་མཁན་ཡང་ཇེ་ཉུང་དུ་འགྲོ་བཞིན་ཡོད། གནའ་མཁར་དེ་དག་གི་སྤྱིའི་ཁྱད་ཆོས་ནི་ཆེས་མཐོ་སར་གནས་པ་དང་། སྲ་ཞིང་བརྟན་པ། ཕྱོགས་བཞིར་བྱ་ར་བྱེད་ཐུབ་ལ། དགྲ་འགོག་གི་ནུས་པ་ཡང་ཆེན་པོ་ལྡན་ཡོད།

མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རིམ་ལྟར། མཚོ་བོད་ས་མཐོའི་མི་རྣམས་ཀྱིས་ཤིང་ལོ་གྱོན་མྱོང་ཡོད་ལ་བྲག་ཕུག་ནང་གནས་བཅའ་བའི་འཚོ་བ་ཡང་སྐྱེལ་མྱོང་ཡོད། ཕྱིས་ཕ་ཁྱིམ་གྱི་ཐོག་མ་སྦྲ་གུར་རིག་གནས་དར་བ་མ་ཟད། འཕེལ་རྒྱས་ཆེན་པོ་བྱུང་བས་ལོ་རྒྱུས་ཡིག་ཆ་དག་ལས་མི་བརྒྱ་ཕྲག་འགའ་ཤོང་ཐུབ་པའི་གུར་ཐོན་པ་དང་དེ་རིགས་ལ་ཕོ་བྲང་དུ་འབོད་སྲོལ་ཡང་ཆགས། སྤྱི་ལོའི་དུས་རབས་དང་པོའི་གཡས་གཡོན་དུ་མཁར་གྱི་ཐོག་མ་ཡུམ་བུ་བླ་མཁར་བརྩིགས་པ་ནས་བཟུང་། བོད་ས་མཐོའི་ཐོག་ས་རྡོ་ཤིང་ལས་གྲུབ་པའི་སྡོད་ཁང་རིག་གནས་དར་བ་དང་ཕྱིས་རྒྱས་སྤྲོས་ཀྱང་ཇེ་ཆེར་ཕྱིན། སྤྱི་ལོའི་དུས་རབས་བདུན་པར་བཟོ་བཀོད་དང་གཞི་ཁྱོན་གང་ཐད་ལ་འགྲན་ཟླ་བྲལ་བའི་ཕོ་བྲང་པོ་ཏ་ལ་བརྩིགས་པ་དེ་ནི་དེང་རབས་ཀྱི་དོན་སྙིང་ཡོངས་སུ་ཚང་བའི་ཕོ་བྲང་ཞིག་ཡིན་ལ། བོད་ཀྱི་གནའ་མཁར་གྱི་དཔེ་མཚོན་དུ་འོས་པ་ཞིག་ཀྱང་ཡིན། འཛུགས་སྐྲུན་གྱི་མཐོ་ཚད་ལ་སྨི་117ཙམ་ཡོད་པ་དང་། ཐོག་བརྩེགས་13ལས་གྲུབ་པ། ཁང་མིག་སྟོང་ཁ་ལོན་པ། རྒྱ་ཕིབས་ཁག་6ལས་གསེར་འོད་ཆེམ་ཆེམ་དུ་འཕྲོ་བ། ལྡེབས་རིས་ཀྱི་ཞིང་ཁམས་ལས་གྲུབ་པའི་ནང་ངོས་སུ་སྐུ་གསུང་ཐུགས་རྟེན་སོགས་གནའ་རྫས་ཀྱིས་བྱུར་པོར་གཏམས་པའི་ཕོ་བྲང་པོ་ཏ་ལ་དང་། ཕོ་བྲང་པོ་ཏ་ལ་དང་ཧ་ཅང་འདྲ་བས་པོ་ཏ་ལ་ཆུང་བ་ཞེས་འབོད་སྲོལ་ཡོད་པའི་རྒྱལ་རྩེའི་རྫོང་རི་ནི་དུས་རབས་14པར་སྐྲུན་པ་ཞིག་ཡིན་པ་དང་། ནང་ངོས་སུ་དེ་སྔའི་རྫོང་དཔོན་གྱི་གཞུང་ལས་སྒྲུབ་ས་དང་། ཆོས་ཁང་། ལྷ་ཁང་། མཛོད་ཁང་སོགས་ཡོད་ལ། གཡང་གཟར་བྲག་ངོས་ལ་གཞིགས་ནས་སྐྲུན་པའི་གྱང་གི་ནང་ངོས་སུ་ད་དུང་མཆོད་རྟེན་ཡང་ཡོད་པ་རེད། དེ་གར་1904ལོའི་ཟླ་5པར་དབྱིན་འགོག་གི་འཐབ་རྫིང་དྲག་པོ་བྱས་པའི་རྗེས་ཤུལ་གྱིས་ཁེངས་ཡོད་ཅིང་། ད་ཆ་མཁར་རྫོང་དེ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཞིག་ཏུ་གྱུར་ཡོད། ད་དུང་བོད་ཀྱི་ལོ་རྒྱུས་ཐོག་གནས་བབ་ངེས་ཅན་བཟུང་བའི་མཁར་རྫོང་གཞན་ཞིག་ཡོད་པ་ནི་མངའ་རིས་རྩ་མདའ་རྫོང་གི་གླང་ཆེན་ཁ་འབབ་ཀྱི་ངོགས་སུ་གནས་པའི་གུ་གེ་རྒྱལ་རབས་ཀྱི་མཁར་རྫོང་ཡིན་ཞིང་། ལོ་རྒྱུས་སྨྲ་བ་ཚོས་དུས་རབས་བཅུ་པའི་དུས་དཀྱིལ་ནས་བཅུ་བདུན་པའི་དུས་འགོའི་བར་དུ་བྱུང་བར་གྲགས་པའི་གུ་གེ་རྒྱལ་རབས་ཀྱི་མཁར་རྫོང་དེར་ས་ཁྱོན་ཧ་ལམ་སྨི་ངོས་གྲུ་ཁྲི་72ཙམ་ཡོད་པ་དེར་ད་ཆ་ངོས་འཛིན་ཐུབ་པའི་ཁང་པའམ་བྲག་ཕུག་300ལྷག་ཙམ་དང་། མཐོ་ཚད་སྨིས་10ལྷག་ཙམ་ཡོད་པའི་མཆོད་རྟེན་3 དགོན་པ་ཁག་4 ད་དུང་ས་འོག་གི་འཛུལ་ལམ་ཆེ་བ་ཁག་2བཅས་ཡོད་པ་དེ་དག་སྟེང་ཤོད་ཁག་གསུམ་ལ་དབྱེ་ནས་རིམ་བཞིན་རྒྱལ་པོའི་ཕོ་བྲང་དང་། དགོན་པ། མི་སེར་སྡོད་ས་བཅས་ཡིན་པ་རེད།བསྟན་པ་ཕྱི་དར་སྐབས་ཀྱི་མི་ལོ་700ཙམ་གྱི་རིང་། དར་ཞིང་རྒྱས་པ་དང་སྤྱི་ལོ་1630ཙམ་ལ་རུས་རྒྱུད་གཅིག་པའི་ལ་དྭགས་རྒྱལ་པོས་རྩ་གཏོར་བཏང་བར་གྲགས་པའི་གུ་གེ་རྒྱལ་རབས་ཀྱི་དར་རྒུད་ཀྱི་གསང་བ་མང་པོ་ཞིག་མཁར་རྫོང་དེར་ཐིམས་ཡོད་སྟབས། རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་སྨྲ་བ་དང་ཞིབ་འཇུག་པ་ཚོས་དོ་སྣང་ཆེན་པོ་བྱ་ཡུལ་ཞིག་ཡིན་ལ། རྒྱལ་ཁབ་རིམ་པའི་གལ་ཆེའི་གནའ་ཤུལ་ཞིག་ཀྱང་རེད།

སྤྱིར་བོད་ཀྱི་ཡུལ་ལུང་གང་འདྲ་ཞིག་ཏུ་སྐྱོད་རུང་། བོད་བཙན་པོའི་དུས་ནས་བསིལ་པོའི་དུས་བར་སྐྲུན་པའི་ཞིག་དང་མ་ཞིག་པའི་མཁར་རྫོང་མང་དག་གཅིག་མཐོང་རྒྱུ་ཡོད་པ་དེ་དག་ནི་ཡུལ་དཔོན་ནམ་དབང་སྒྱུར་བའི་སྡོད་གནས་ཡིན་སྟབས། ས་མཐོ་སར་སྐྲུན་ཏེ་གཅིག་ནས་མངའ་འོག་ལ་བཀོད་སྡོམ་བྱེད་བདེ་བ་དང་། གཉིས་ནས་དགྲ་ཟོན་བྱེད་བདེ་བའི་ཆེད་དུ་ཡིན་པ་ལོས་ཡིན། མཁར་རྫོང་དེ་དག་གི་ཁྱད་ཆོས་གཙོ་བོ་ནི་སྲ་ཞིང་བརྗིད་ཉམས་ལྡན་པ་དང་། སྒེའུ་ཁུང་ཆུང་ལ་སྒོ་དམའ་བ། ཕྱི་ངོས་ལ་དཀར་རྩི་དང་སྒེའུ་ཁུང་ལ་ནག་རྩི་བྱུག་ཡོད་ཅིང་། ས་རྡོ་ཤིང་གསུམ་ལས་གྲུབ་པ་དང་ཕལ་ཆེ་བ་ཐོག་བརྩེགས་ཉིས་ཐོག་དང་། གསུམ་ཐོག དེ་ལས་མཐོ་བ་ཤ་སྟག་རེད། དཔེར་ན་དེ་སྔའི་འཕྱོངས་རྒྱས་ཀྱི་འཕྱིང་བ་སྟག་རྩེ་དང་། གཞིས་རྩེ་སྤྱི་རྫོང་སྟེ་བསམ་གྲུབ་རྩེའི་མཁར་རྫོང་། ནག་ཆུའི་སོག་རྫོང་གི་ཕོ་བྲང་པོ་ཏ་ལར་འབོད་པའི་ཙན་དན་དགོན་སོགས་བོད་ཀྱི་ས་ཕྱོགས་ཁག་ཏུ་ཕོ་བྲང་དང་། དགོན་པ། རྫོང་ཤུལ་སོགས་མང་དག་གཅིག་མཐོང་རྒྱུ་ཡོད་པའི་འཛུགས་སྐྲུན་གྱི་ཞིབ་ཕྲའི་ཁྱད་ཆོས་ནི། རི་འབུར་གྱི་ཐོག་ཏུ་བརྩིགས་ཡོད་པ་དང་། འོག་ཁང་གི་རྩིག་ཞེང་ལ་སྤྱི་ཁྲེ་ཁ་ཤས་ཡོད་པ། རྩིག་རིམ་མཐོ་རུ་སོང་བ་དང་སྦྲགས། རིམ་བཞིན་རྩིག་ཞེང་ཆུང་དུ་བཏང་བ་དེར་དམངས་ཁྲོད་དུ་འཐེན་བཏང་བ་ཞེས་འབོད་པ་དང་། འཐེན་བཏང་བའི་ཁང་པ་དེ་ཚོ་ཤིན་ཏུ་བརྟན་པས་ས་གཡོ་བའི་སྐབས་སུ་ཡང་འགྱེལ་གྱི་མེད། ད་དུང་འོག་ཁང་ཕལ་ཆེ་བ་ས་ཤུར་ལ་གདུང་སྒྲིག་གཏོང་བ་ལས་ལྕམ་དྲལ་གཏོང་གི་མེད། དཔེར་ན་ཉེ་རབས་ཕོ་བྲང་པོ་ཏ་ལ་ཉམས་གསོ་བྱ་སྐབས་ས་ཤུར་མང་པོ་ཐོན་པ་ལས་ཤེས་ཐུབ་པ་ཞིག་ཡིན།

དེ་ལྟར་བོད་ཀྱི་ཡུལ་ལུང་རེར་རི་ལྡེབས་སུ་སྐྲུན་པའི་མཁར་རྫོང་རེ་ཧ་ལམ་མཐོང་རྒྱུ་ཡོད་པ་དེ་དག་གིས་ལོ་རྒྱུས་ཀྱི་དུས་མཚམས་རེའི་དཔང་པོ་བྱེད་བཞིན་ཡོད། འོན་ཀྱང་ད་ལན་སྐབས་སུ་བབ་པའི་བརྗོད་དོན་ནི་ཕར་བལྟས་ན་སོ་ལྟ་ཁང་འདྲ་བའི་ཐོག་བརྩེགས་མང་བའི་གནའ་མཁར་དེ་དག་ཡིན་ཞིང་། དགྲ་ཟོན་གྱི་ཆེད་དུ་སྐྲུན་ཞེས་པ་དང་ཁྱུང་ཆེན་བཟུང་ཆེད་སྐྲུན་ཞེས་པའི་མཁར་རྫོང་དེ་རིགས་ནི་དེ་སྔ་བོད་ཀྱི་ས་ཕྱོགས་མང་པོ་ནས་མཐོང་ཐོས་བྱུང་ཡོད་རུང་། ད་ཆ་ཅུང་གཅིག་སྡུད་ཆེ་བའི་ས་གནས་རེ་གཉིས་ལས་ལྷག་མེད་པ་རེད།

335276_yis_1477991993386_s.jpg

ལྷོ་བྲག་རྫོང་དུ་ཡོད་པའི་གནའ་མཁར།

ལྷོ་བྲག་གི་གནའ་མཁར།

ལྷོ་བྲག་རྫོང་ནི་བོད་བཙན་པོའི་དུས་སུ་གཡོ་རུ་སྟོང་སྡེའི་ཁོངས་སུ་གཏོགས་པ་དང་། ཡོན་རྒྱལ་རབས་ཀྱི་དུས་སུ་ཡར་འབྲོག་ཁྲི་དཔོན་གྱི་མངའ་འོག་ཏུ་གྱུར། 1960ལོར་ལྷོ་བྲག་རྫོང་བཙུགས་ནས་ལྷོ་ཁ་ས་གནས་ཀྱི་ཁོངས་སུ་ཚུད་པ་ཞིག་ཡིན་ཞིང་། ཡུལ་དེ་གར་ས་གནས་མང་ཚོགས་ཚོས་རྡོ་མཁར་དུ་འབོད་པའི་གནའ་བོའི་མཁར་རྫོང་གི་ཚོགས་མང་པོ་ཞིག་ཡོད་པ་དེ་དག་སྨན་ཐང་དང་། ཆོས་གཞིས། ཟངས་ཡུལ། མོན་ཆད། བན་པ་སོགས་ལྷོ་བྲག་གི་གྲོང་རྡལ་གཉིས་དང་གྲོང་ཚོ་ལྔ་ཚང་མར་ཁྱབ་ཡོད་ཅིང་། གནའ་མཁར་མཐོ་ཤོས་ནི་སྨན་ཐང་དུ་ཡོད་པ་དང་སྲས་གྲོང་ཚོར་གནའ་མཁར་ཅུང་གཅིག་སྡུད་བྱས་ཡོད་པ་རེད། གནའ་མཁར་དེ་དག་ལ་ཐོག་བརྩེགས་7ནས་9བར་ཡོད་པ་དང་མཐོ་ཚད་ལ་སྨི་22ཙམ་ཡོད་ཅིང་། རྡོ་རྩིག་ཡིན་པ་དང་། བཟོ་ལྟ་གྲུ་བཞི་ཡིན་པ། སྒོ་ཆུང་ངུ་རེ་ཡོད་པ། ནང་ངོས་སུ་ཤིང་གི་སྐས་ཀ་ཡོད་པ་དང་ཐོག་བརྩེགས་ཚང་མའི་ཕྱོགས་བཞིར་ཟུར་གསུམ་ཅན་གྱི་དྲ་མིག་གམ་སོ་ཁུང་ཡོད་པ། ནང་ངོས་སུ་འབྲུ་རིགས་དང་མེ་ཤིང་སོགས་འཚོ་བའི་མཁོ་ཆས་ཚང་མ་འཇོག་ས་ཡོད་པ་མ་ཟད། ཆུ་མིག་རེའང་ཡོད་པས་བཟའ་སྡོད་ཚང་མ་ཐག་གཅོད་ཐུབ་པ་ཞིག་ཡོད། ས་གནས་དེ་གའི་མང་ཚོགས་ཚོས་སོག་པོ་ཇུན་གར་བས་བོད་ལ་བཙན་འཛུལ་བྱེད་སྐབས་དགྲ་འགོག་གི་ཆེད་དུ་སྐྲུན་པའི་ཤོད་སྲོལ་ཡོད་རུང་། གནའ་བོའི་འཛུགས་སྐྲུན་གྱི་ཞིབ་འཇུག་པ་ཚོས་བོད་བཙན་པོའི་དུས་ནས་ཕག་གྲུའི་དུས་སོགས་ཀྱི་འཛུགས་སྐྲུན་གྱི་ཁྱད་ཆོས་ཚང་ཡོད་པས། གནའ་དུས་བོད་ཀྱི་དུས་རིམ་མི་འདྲ་བའི་འཛུགས་སྐྲུན་གྱི་ཁྱད་ཆོས་དང་རིག་གནས་སྣང་ཚུལ་གྱི་དཔེ་མཚོན་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

ལྷོ་བྲག་རྫོང་ལ་དེ་སྔ་གནའ་མཁར་ཆེ་ཆུང་540ཙམ་ཡོད་རུང་། བར་སྐབས་ལམ་བཟོ་བ་དང་སྡོད་ཁང་རྒྱག་པ་སོགས་ཀྱི་སྐབས་སུ། གནའ་མཁར་གྱི་རྡོ་བེད་སྤྱོད་བཏང་བས་གནའ་བོའི་རྡོ་མཁར་དག་ཇེ་ཉུང་དུ་འགྲོ་བ་མ་ཟད། རང་བྱུང་གི་འཚེ་བ་སྣ་ཚོགས་ཀྱིས་ཞིག་རལ་གྱི་རྣམ་པ་ཚབས་ཆེན་ཐོན་ཡོད་པ་རེད། འོན་ཀྱང་2007ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐེངས་བཞི་པའི་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པར་ཁྱབ་བསྒྲགས་བྱས་པ་དང་སྦྲགས། ལྗོངས་རིག་དངོས་ཅུས་ཀྱིས་ལྷོ་བྲག་རྫོང་དུ་ཆེད་མི་མངགས་ནས་རྟོག་ཞིབ་ཀྱིས་སྲུང་སྐྱོབ་ཀྱི་འཆར་འགོད་བཟོས་པ་དང་སྦྲགས། ལྷོ་བྲག་རྫོང་སྲིད་གཞུང་གིས་ཀྱང་དགེ་མཚན་ལྡན་པའི་སྲུང་སྐྱོབ་ཀྱི་བྱེད་ཐབས་བཟོས་ཡོད་པས། ད་གཟོད་ལྷོ་བྲག་གི་གནའ་བོའི་རྡོ་མཁར་དེ་དག་རིག་གནས་དང་ཡུལ་སྐོར་གྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཐུབ་པ་བྱུང་ཡོད།

335202_yis_1477978367107_s.jpg

ཤུ་པ་གྲོང་ཚོའི་གནའ་མཁར།

ཤུ་པ་གྲོང་ཚོའི་གནའ་མཁར།

རྒྱལ་ལམ་318དང་མི་རིང་བའི་ཉང་ཆུ་གཙང་འགྲམ་དུ་གནས་པའི་ཤུ་པ་གྲོང་ཚོ་ནི་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གྱི་ཁོངས་སུ་གཏོགས་ཤིང་། དེ་གར་བོད་ཀྱི་གནའ་ཉམས་དོད་ཤོས་དང་། ལོ་རྒྱུས་རིང་ཤོས། ཚགས་ཚུགས་ཤོས། སྲུང་སྐྱོབ་ལེགས་ཤོས་བཅས་བྱུང་བའི་གནའ་མཁར་ཁག་གཅིག་ཡོད་པ་དེ་དག་གི་ཤོད་སྲོལ་ལ། བཙན་པོ་སྲོང་སྒམ་པོའི་དུས་སུ་རང་ངོས་ཀྱི་དམག་དཔུང་དབར་འབྲེལ་བ་བྱེད་བདེ་བ་དང་ཕྱི་དགྲ་འགོག་ཆེད་དུ་སྐྲུན་པར་གྲགས། དེ་སྔ་གྲོང་ཚོ་དེར་གནའ་མཁར་ཆེན་པོ་དེ་འདྲ་7ཡོད་རུང་། ཕྱིས་ལོ་ཟླའི་དྲག་ཆར་རླུང་འཚུབ་ཀྱི་ཁྲོད་དུ་གནའ་མཁར་2རྡིབ་སྐྱོན་བྱུང་བས་ད་ཆ་གནའ་མཁར་5ལས་ལྷག་མེད་ཅིང་། གཤིབ་ནས་བརྒྱབ་པའི་གནའ་མཁར་དེ་ཚོའི་བར་ཐག་སྨི་30ནས་50བར་ལས་མེད་པས་ཕན་ཚུན་བརྡ་གཏོང་ཆོག་གི་ཡོད།

ཤུ་པ་གནའ་མཁར་གྱི་ཁྱད་ཆོས་གཙོ་བོ་ནི། ལས་སྣོན་རྩ་བ་ནས་བྱས་མེད་པའི་རང་བྱུང་གི་རྡོ་ཤ་སྟག་ལས་ཐོག་བརྩེགས་དགུ་ཙམ་གྱི་མཐོ་ཚད་སྐྲུན་ཡོད་པ་མ་ཟད། གནའ་མཁར་ཕལ་ཆེ་བ་ལོ་ངོ་སྟོང་གི་ཆར་རླུང་ཁྲོད་དུ་ད་དུང་འགྱིང་ངེར་གནས་ཡོད་པ། ཟུར་བརྒྱད་སོགས་ཟུར་མང་ཅན་དུ་སྐྲུན་པ། ཐོག་སོ་ཚང་མའི་ནང་ངོས་སུ་མདའ་ཁུང་ངམ་སོ་ཁུང་ཡོད་པས་སྤྱི་ལེ་10ཙམ་གྱི་སའི་གནས་ཚུལ་གསལ་པོ་ཤེས་ཐུབ་པ། གནའ་མཁར་གྱི་རྩེ་མོར་དུ་བ་བཏང་ནས་བརྡ་གཏོང་བྱེད་ས་ཡོད་པ། མཐའ་འཁོར་དུ་སྲུང་སྐྱོབ་ཀྱི་ནུས་པ་ཐོན་པའི་རྡོ་མཁར་ཆུང་ངུ་མང་པོ་བརྩེགས་ཡོད་པ་དེ་དག་དང་དེ་དག་ལས་ང་ཚོའི་མེས་པོ་ཚོའི་བློ་གྲོས་མཚོན་ཡོད་ལ། སྐབས་དེའི་བོད་ཀྱི་འཛུགས་སྐྲུན་གྱི་ཆུ་ཚད་ཀྱང་མཚོན་ཡོད། ཤུ་པ་གནའ་གྲོང་གི་ནང་དུ་བོད་ཡོངས་ནས་ཆེ་ཤོས་ཡིན་པར་གྲགས་པའི་མ་ཎི་འཁོར་ལོ་དང་། གླིང་རྗེ་གེ་སར་རྒྱལ་པོའི་དམག་ཞིབ་བྱེད་སའི་སྟེགས་བུ། དར་སྤུངས་སོགས་ཀྱི་མཛེས་ལྗོངས་མང་པོ་ཡོད། ད་དུང་མང་ཚོགས་ཚོའི་ངག་རྒྱུན་དུ་གླིང་རྗེ་གེ་སར་རྒྱལ་པོས་གནའ་གྲོང་ནང་གནས་བཅའ་བའི་བདུད་བརྟུལ་བ་སོགས་ཀྱི་གཏམ་རྒྱུད་སྙན་པོ་གླེང་རྒྱུ་ཡོད། ལྷག་དོན་དཔྱིད་ཀྱི་དཔལ་ཡོན་བཞད་སྐབས་གནའ་མཁར་གྱི་འཁོར་ར་ཁོར་ཡུག་ཏུ་ཁམ་བུའི་མེ་ཏོག་གིས་ཡོངས་སུ་བརྒྱན་ནས་བརྗིད་ཉམས་དང་མཛེས་སྡུག་མཉམ་གནས་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་རྣམས་ལྟ་ན་སྡུག་པའི་འཇིག་རྟེན་གཞན་ཞིག་ཏུ་འཕོས་པ་ལྟ་བུའི་ཉམས་སྣང་སྦྱིན་གྱི་ཡོད།

335275_yis_1477991991576_s.jpg

རྒྱལ་རོང་ཁུལ་གྱི་གནའ་མཁར།

བོད་ཁུལ་གཞན་གྱི་གནའ་མཁར།

གནའ་མཁར་དེ་རིགས་བོད་ཀྱི་ལྷོ་བྲག་དང་ཀོང་པོའི་ཡུལ་དུ་ཅུང་གཅིག་སྡུད་ཆེ་བ་ལས། གཙང་ཁུལ་སོགས་བོད་ཡུལ་གྱི་ས་ཆ་གཞན་དུ་ཡང་གནའ་མཁར་དེ་རིགས་ཐོན་མྱོང་བ་མ་ཟད། ལྗོངས་ཕྱིའི་བོད་རིགས་ས་ཁུལ་གྱི་འབར་ཁམས་དང་། ཁྲི་ཚང་། རོང་བྲག་སོགས་བོད་ཁུལ་གྱི་ས་ཆ་མང་པོར་ཡང་གནའ་མཁར་དེ་རིགས་མཐོང་རྒྱུ་ཡོད་ལ། ཕྱིའི་རྣམ་པ་དང་ནང་གི་བཀོད་པ་ཚང་མ་ལྷོ་བྲག་གི་རྡོ་མཁར་དང་འདྲ་བ་མ་ཟད། ཁེར་རྐྱང་དུ་སྐྲུན་པ་དང་། ཟུང་དུ་སྐྲུན་པ། ཁ་ཤས་མཉམ་སྐྲུན་བྱེད་སྟངས་སོགས་ཧ་ལམ་གཅིག་པ་ཡིན་རུང་། ཟུར་དྲུག་དང་བརྒྱད་སོགས་ཡོད་ལ། ཐ་ན་དེ་ལས་མང་བ་ཡང་ཡོད། ལྷག་དོན་དཔེ་མཚོན་དུ་འོས་པ་ཞིག་ནི་སི་ཁྲོན་དཀར་མཛེས་ཀྲོའུ་ཡི་རོང་བྲག་རྫོང་གི་གནའ་མཁར་མིང་གྲགས་ཆེ་ཤོས་ཡིན་ཞིང་། དེ་གའི་གནའ་མཁར་དེ་དག་ནི་ས་རྡོ་ལས་སྐྲུན་པ་ཞིག་ཡིན་པ་དང་ལྟ་སྣང་ལ་མཛེས་སྡུག་ལྡན་པ་དང་། སྲ་ཞིང་མཁྲེགས་ལ། ཕལ་ཆེ་བ་མང་ཚོགས་ཀྱི་ཁང་པ་་དང་སྦྲེལ་ནས་སྐྲུན་པ་དང་། ཡང་ལ་ལ་ཐང་སྡེར་དང་རི་ཁུག་ཏུ་ཁེར་རྐྱང་དུ་སྐྲུན་པའང་ཡོད། བཟོ་ལྟ་ནི་ཟུར་བཞི་དང་། ལྔ། བརྒྱད། ཐ་ན་ཟུར་བཅུ་གསུམ་ཅན་ཡང་ཡོད་ཅིང་། མཐོ་ཚད་ཀྱི་ངོས་ནས་བཤད་ན། དམའ་ཤོས་ལ་སྨི་10ཙམ་ཡོད་པ་དང་། མཐོ་བར་སྨི་30ནས་སྨི་50དང་60བྱས་པ་ཡང་ཡོད། ཐོག་བརྩེགས་ལ་དབྱེ་ན། ཐོག་བརྩེགས་6ནས་10ཙམ་བར་ཡོད་པ་དང་། བརྟན་བརྗིད་ཆེ་ལ། རྩིག་རྨང་བརྟན་པ། རྩིག་རྨང་གི་རྩིག་ཞེང་ཆེ་ལ་རིམ་བཞིན་རྒྱ་ཆུང་དུ་བཏང་བ། འཛུགས་སྐྲུན་གྱི་སྒྱུ་རྩལ་ཕུན་སུམ་ཚོགས་པ་དེ་དག་ལ་རོང་བྲག་གི་དམིགས་བསལ་བཟོ་སྐྲུན་གྱི་ཁྱད་ཆོས་ལྡན་ཡོད། ཁྱབ་ཁོངས་ཀྱི་ངོས་ནས་བརྗོད་ན། མཁར་རྫོང་དེ་རིགས་རོང་བྲག་གི་རྫོང་ཡོངས་སུ་ཁྱབ་པ་དང་གཅིག་སྡུད་ཆེ་ས་གཙོ་བོ་ནི་གཙང་ཆུའི་གཡས་གཡོན་གཉིས་སུ་ཡིན་ཞིང་། གནའ་མཁར་ཁ་ཤས་མཉམ་དུ་སྐྲུན་པ་དང་ཁེར་རྐྱང་དུ་སྐྲུན་ཡང་ཡོད། ད་དུང་གནའ་མཁར་མང་པོ་ཞིག་རི་དབྱིབས་ལ་བསྟུན་ནས་སྐྲུན་ཡོད་ལ། ཕན་ཚུན་འབོད་བརྡ་བཏང་ཆོག་གི་ཡོད། ལྷག་དོན་དུ་མཁར་རྫོང་བཅུ་གྲངས་གཅིག་སྡུད་དུ་སྐྲུན་པའི་བརྗིད་ཉམས་ནི་བློ་ཡི་ཡུལ་དུ་ཤོང་དཀའ་བ་ཞིག་ཡོད།

335277_yis_1477991994587_s.jpg

གནའ་མཁར་གྱི་ནང་ངོས་ཡིན་པ།

བོད་ཁུལ་གྱི་གནའ་མཁར་དེ་དག་ནི་བོད་བཙན་པོའི་དུས་སུ་སྐྲུན་ཡང་རུང་། ཡང་ན་སོག་པོའི་བཙན་འཛུལ་འགོག་ཆེད་ཡིན་ཡང་ཆོག བྱ་རྒྱལ་ཁྱུང་ཆེན་རྙི་ལ་ཚུད་ཆེད་ཡིན་ཡང་རུང་། དེའི་བརྗིད་ཉམས་ཀྱི་ཚད་ནི་འཕྲུལ་ཆས་སྣ་ཚོགས་སྤྱད་དེ་སྐྲུན་པའི་དེང་དུས་ཅན་གྱི་སྡོད་ཁང་གི་འགྲན་ཟླར་འོས་པ་དང་། སྲ་བརྟན་གྱི་ཆ་ནི་དེང་གི་ཨར་འདམ་དང་ངར་ལྕགས་ཀྱི་དོ་ཟླར་འོས་ལ། ཕྱི་རྩིག་ཏུ་རྡོ་ཆེན་དང་བར་དུ་རྡོ་ཆུང་ཁོ་ན་བརྩིགས་ནས་ཐོག་བརྩེགས་མང་པོ་སྐྲུན་ཡོད་པ་མ་ཟད། ལོ་ངོ་བརྒྱ་གྲངས་སྲ་ཞིང་བརྟན་པོར་གནས་པ་ནི་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་གཏམ་རྒྱུད་ཅིག་ཡིན་པ་མགྲིན་པ་གཟེངས་ནས་སྨྲོས་སུ་ཆོག་པ་ཞིག་ཡོད།


  • 顶 0